མཚོ་སྔོན་དུ་ཆང་རྫུན་ཐོན་སྐྱེད་ཀྱི་གྱོད་གཞི་ཆེན་པོ་ཞིག་རྩད་ཆོད་པ།

མཚོ་སྔོན་ཁྲིམས་ལུགས་ཚགས་པར་དུ་སྤེལ་བའི་གནས་ཚུལ་ལྟར་ན། སྤྱི་ཟླ་11ཚེས་28ཉིན། མཚོ་སྔོན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གོར་མོ་གྲོང་ཁྱེར་སྤྱི་བདེ་ཅུས་དཔལ་འབྱོར་མྱུལ་ཞིབ་ཉིང་ལག་རུ་ཁག་གིས་ཨ་རག་རྫུན་མ་ཐོན་སྐྱེད་དང་ཕྱིར་ཚོང་གི་གྱོད་གཞི་ཆེན་པོ་ཞིག་རྩད་ཆོད་པ་དང་། ཉེས་གསོག་དོགས་ཅན་2འཛིན་བཟུང་བྱས་ཡོད།

ད་ལོའི་ཟླ་9པར། དཔལ་འབྱོར་མྱུལ་ཞིབ་ཉིང་ལག་རུ་ཁག་གིས་མི་ཁག་ཅིག་གིས་གོར་མོ་གྲོང་ཁྱེར་དུ་ཨ་རག་རྫུན་མ་ཐོན་སྐྱེད་དང་ཕྱིར་ཚོང་བྱེད་པའི་ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་སྤེལ་གྱི་ཡོད་པ་ཤེས་རྟོགས་བྱུང་རྗེས། འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་ཟླ་བ་གཉིས་ཙམ་རིང་མྱུལ་ཞིབ་ཞིབ་ཚགས་བྱས་པ་བརྒྱུད་ཟླ་11ཚེས་26ཉིན་ཨ་རག་རྫུན་མ་བཟོ་ས་དང་། གསོག་ཉར་བྱེད་ས། དེ་བཞིན་ཧོ་ཆེ་གེ་མོ་བཟའ་ཚོ་གཉིས་ཀྱིས་གཙོ་བྱས་པའི་ཁྱིམ་ཚང་རྣམ་པའི་ཉེས་གསོག་ཚོགས་པ་བཅས་རྩད་ཆོད་བྱུང་ཞིང་། འཕྲལ་མར་འཛིན་བཟུང་འཆར་གཞི་བཟོས་ཏེ། གྱོད་གཞི་དང་འབྲེལ་བའི་མི་2འཛིན་བཟུང་བྱས་པ་དང་། རྫུན་བཟོ་བྱེད་ས་1བདེ་བླག་ངང་གཏོར་བ་མ་ཟད། ཨ་རག་དཀར་པོ་ཅན་ལན་ཁྲུན་(剑南春)རྫུན་མ་སྒམ་29དང་། ཧའེ་ཀྲི་ལན་(海之蓝)རྫུན་མ་སྒམ་8དང་དམ་བེ་5 གོ་ཅའོ་(国窖)1573རྫུན་མ་སྒམ་40 ཝུའུ་ཉིང་ཡེ་(五粮液)རྫུན་མ་སྒམ་9སོགས་རིན་ཐང་སྒོར་འབུམ་6ཟིན་པའི་མཐོ་རིམ་དང་འབྲིང་རིམ་ཨ་རག་དཀར་པོ་རྫུན་མ་སྒམ་210རྩིས་ལེན་བྱས།

གྱོད་གཞི་འདི་རྩད་ཆོད་བྱུང་བ་ཡིས་ཨ་རག་རྫུན་བཟོ་མཁན་ལ་རྡུང་རྡེག་ཚ་ནན་བཏང་ཞིང་། ཨ་རག་དཀར་པོའི་ཁྲོམ་རའི་རྒྱུན་གཏན་སྒྲིག་ལམ་སྲུང་སྐྱོང་དང་འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་ཐོབ།

མིག་སྔར། ཧོ་ཆེ་གེ་མོ་དང་དེའི་བཟའ་ཟླ་ཧན་ཆེ་གེ་མོ་བཀག་ཉར་བྱས་ཡོད་པ་དང་། གྱོད་གཞི་འདི་མུ་མཐུད་དུ་སྒྲུབ་བཞིན་ཡོད།