མཚོ་སྔོན་གྱི་ཨེ་ཙི་ནད་ཀྱི་གནས་ཚུལ་གསར་པ།

རང་རེའི་དྲ་བའི་འཕྲིན། ཟླ12པའི་ཚེས1ཉིན། གསར་འགོད་པས་ཞིང་ཆེན་རིམས་ནད་སྔོན་འགོག་ཚོད་འཛིན་ལྟེ་གནས་སུ་རྒྱུས་ལོན་པ་ལྟར་ན། 1998ལོར་རང་ཞིང་གིས་ཨེ་ཙི་འགོས་ནད་ཅན་ཐོག་མ་རྙེད་པའི་ཚུན་ནས་ད་ལོའི་ཟླ10པའི་བར་དུ། ཞིང་ཆེན་ཡོངས་ནས་གནས་སྡོད་བྱས་པའི་ཨེ་ཙི་འགོས་ནད་ཅན་དང་ནད་པ་ཁྱོན་བསྡོམས3077ཡོད་པ་དང་། དེའི་ཁྲོད་མི522ཚེ་ལས་འདས་ཤིང་འཚོ་བཞིན་པའི་མི2555ཡོད་པ་རེད།2019ལོའི་ཟླ1-10པའི་བར་ཨེ་ཙི་འགོས་ནད་ཅན་དང་ནད་པ385ཡོད་ལ། ན་ནིང་དང་བསྡུར་ན10%ཡིས་ཇེ་མང་ལ་སོང་འདུག་པ་རེད།

སྙན་ཞུ་ལྟར་ན། རང་ཞིང་གི་ཨེ་ཙི་ནད་ཀྱི་འགོས་ནད95.42%ལུས་འབྲེལ་ལས་འགོས་པ་ཡིན་ཞིང་། དེའི་ཁྲོད་ཕོ་མོའི་ལུས་འབྲེལ་གྱིས51.98%ཟིན་པ་དང་། སྐྱེས་པ་མཚན་མཐུན་གྱི་ལུས་འབྲེལ་ལས་འགོས་ཚད43.44%ཟིན་པས། འགོས་ནད་ཚད་སྐྱེས་མ་ལས་སྐྱེས་པ་མང་པ་དང་། ལོ་ཚད 20-49བར་གྱི་ན་གཞོན་གཙོ་བོ་ཡིན་པས། ན་གཞོན་གྱི་འགོས་ནད་ཚད79.45%ཟིན་ཡོད་པ་རེད།

ཉེ་བའི་ལོ་འདི་འགར། ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་སྔར་ལས་ལྷག་པའི་ནུས་ལྡན་བྱེད་ཐབས་གསར་བཏོད་བྱས་ཏེ། རང་ཞིང་གི་ཨེ་ཙི་ནད་ཀྱི་དྲིལ་སྒྲོག་སློབ་གསོ་དང་སྔོན་འགོག་བྱ་བར་མུ་མཐུད་དུ་སྐུལ་འདེད་བྱས་ཤིང་། ཨེ་ཙི་ནད་ཀྱི་ཞིབ་བཤེར་དྲ་རྒྱ་དང་ནུས་པ་སྔར་ལས་ལྷག་པའི་འཐུས་ཚང་དང་། ནད་དུག་འགོག་པའི་སྨན་བཅོས་ཚད་ཆེ་རུ་བཏང་སྟེ། ཨེ་ཙི་ནད་ཀྱི་ཕྱོགས་བསྡུས་འགོག་བཅོས་བྱ་བར་གྲུབ་འབྲས་ཅུང་ལེགས་པོ་བླངས་པ་དང་། འགོས་ནད་ཁྱབ་ཚད་ཅུང་དམའ་བའི་རྣམ་པ་མུ་མཐུད་དུ་བརྟན་སྲུང་བྱས་ཡོད་པ་རེད།

རྒྱུས་ལོན་པ་ལྟར་ན། ཞིང་ཆེན་ཡོངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལྟེ་གནས55རུ་ཨེ་ཙི་ནད་ཀྱི་ཆེད་ལས་སྔོན་འགོག་ཚན་ཁག་ཁང་རེ་རེ་བཙུགས་ཡོད་པ་དང་། ཞིང་ཆེན་ཡོངས་ནས་ཨེ་ཙི་ནད་ཀྱི་རིན་མེད་བློ་འདྲི་ཞིབ་བཤེར་ས་ཚིགས134འཛུགས་སྐྲུན་ལེགས་འགྲུབ་བྱས་ཤིང་། ཨེ་ཙི་ནད་དུག་འགོག་པའི་ཞིབ་བཤེར་ས་ཚིགས་རྫོང་དང་ས་ཁུལ་ཡོངས་ལ་ཁེབས་ཡོད་པ་རེད། མཐའ་འཁོབས་ས་ཆའི་ཨེ་ཙི་ནད་པའི་ནད་དུག་སྔོན་འགོག་སྨན་བཅོས་བྱེད་པར་སྟབས་བདེ་མིན་པ་དང་སྨན་བཅོས་མ་རྩ་ཅུང་མཐོ་བ་སོགས་ཀྱི་གནད་དོན་ཐག་གཅོད་བྱ་ཆེད། དེ་སྔ་ཡོད་པའི་རིམས་ནད་སྔོན་འགོག་སྨན་བཅོས་བྱ་སའི་སྨན་ཁང་གཉིས་ཀྱི་རྨང་གཞིའི་སྟེང་། ད་ལོར། རང་ཞིང་གིས་ཞིང་ཆེན་མི་དམངས་སྨན་ཁང་བཞི་པ་ནས་ཞིང་ཆེན་ཡོངས་ཀྱི་ཨེ་ཙི་ནད་དུག་འགོག་པའི་སྨན་བཅོས་ལྟེ་གནས་བཙུགས་པ་དང་། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ་རིམ་པའི་མི་དམངས་སྨན་ཁང8ནས་ཨེ་ཙི་ནད་དུག་འགོག་པའི་སྨན་བཅོས་ཁང་ཁ་སྣོན་བྱས་ཏེ། གྲོང་ཁྱེར་དང་ཁུལ་སོ་སོའི་སྨན་ཁང་ཚང་མས་འདོན་སྤྲོད་ཐུབ་པའི་ཞབས་ཞུ་ཡི“1+9”ཨེ་ཙི་ནད་དུག་འགོག་པའི་སྨན་བཅོས་སྒྲིག་གཞི་བཅས་བཙུགས་ཡོད་པ་རེད།

ལོ་ཙཱ་བ། ལྷ་ཆེན་རྒྱལ།