【ལོ་ངོ་བདུན་ཅུའི་གཟི་བརྗིད། དུས་རབས་གསར་པའི་འབད་འབུངས།】 “སོག་རྫོང་གི་བུ་རབ”རྒྱལ་མཚན་ལ་དྲན་གསོ་ཞུ་བ།

ཉེ་ལམ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ70འཁོར་བར་དགའ་སྟོན་རྟེན་འབྲེལ་ཞུ་ཆེད། ཀྲུང་དབྱང་དྲིལ་སྒྲོག་པུའུ་སོགས་སྡེ་ཚན་གྱིས་མཉམ་དུ་ཟླ་དྲུག་པའི་ཟླ་དཀྱིལ་ཙམ་ནས་བཟུང་“མི་རབ་བརྩོན་འགྲུས་ཅན”ཞེས་པའི་སློབ་སྦྱོང་དང་དྲིལ་སྒྲོག་བྱེད་སྒོ་སྤེལ། ས་གནས་ཁག་དང་སྡེ་ཚན་ཁག་གི་འདེམ་སྒྲིག་འོས་སྦྱོར་དང་། མང་ཚོགས་ཀྱི་དྲ་ཐོག་འདེམ་ཤོག སྒྲིག་འཛུགས་ཨུ་ལྷན་གྱི་ཕྱོགས་བསྡུས་གྲོས་ཞིབ། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་དང་འབྲེལ་ཡོད་སྡེ་ཚན་ནས་དཔྱད་ཞིབ་བཅས་བརྒྱུད་མཐར“མི་རབ་བརྩོན་འགྲུས་ཅན”300འདེམ་ཐོན་བྱུང་ནས་སྤྱི་ཚོགས་ཡོངས་ལ་ཁྱབ་སྒྲོག་བྱས་ཤིང་། རང་རེའི་ཞིང་ཆེན་གྱི་རྒྱལ་མཚན་དང་། རྒྱས་བཟང་བསོད་ནམས་དར་རྒྱས། སྐལ་གྲགས་གསུམ་འདེམས་ཐོན་མིང་ཐོའི་ཁྲོད་ཚུད་ཡོད་པ་རེད།

རྩོམ་འདི་གསར་འགོད་པས་རང་གི་མཐོང་སྣེ་དང་དྲན་འཆར་ཁྲོད་ཀྱི་རྒྱལ་མཚན་བརྗོད་གཞིར་བཟུང་སྟེ། ལས་བྱེད་པའི་སེམས་ཀྱི་ཏང་ཡོན་བཟང་པོ་དང་། མང་ཚོགས་སེམས་ནང་གི་ལས་བྱེད་བཟང་པོ། ལས་གྲོགས་སེམས་ཁོང་གི་འགོ་ཁྲིད་བཟང་པོ། ཆོས་ལུགས་པའི་སེམས་གཏིང་གི་གྲོགས་པོ་བཟང་པོ། བཟའ་ཟླའི་སེམས་ཀྱི་ཁྱོ་ག་བཟང་པོ་འདིའི་མི་ཚེའི་བཞུད་ལམ་ལ་ཕྱིར་དྲན་བྱས་པ་ཞིག་རེད།

རྒྱལ་མཚན་ནི་བོད་རིགས་རྣལ་མ་ཞིག་ཡིན་ཞིང་། ཀྲུང་གུང་ཏང་ཡོན་ཡིན། 1968ལོའི་ཟླ6པར་མཚོ་སྔོན་གྱི་བྲག་དཀར་རྫོང་ནས་སྐྱེས། འཚོ་བཞུགས་ཀྱི་སྐབས་ལ་མཚོ་སྔོན་ཞིང་ཆེན་རྨ་ལྷོ་སོག་རིགས་རང་སྐྱོང་རྫོང་གི་གཡུ་སྒང་ཉིན་གྲོང་རྡལ་ཏང་ཨུའི་ཧྲུའུ་ཅི་དང་དམངས་འཐུས་རྒྱུན་ལས་ཀྱི་ཀྲུའུ་ཞི་ཚོགས་པའི་འགན་གཅིག་ལྕོགས་དང་། རྫོང་ཏང་ཨུའི་རྒྱུན་ཨུ་དང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་གི་འགན་བཅས་བཞེས་མྱོང་། 2015ལོའི་ཟླ12ཚེས4ཉིན་ལ་ལས་ཀའི་ངལ་དུབ་མ་ལྕོགས་པར་གློ་བུར་དུ་སྙིང་རྩ་འགག་ནས་ཚེ་ལས་འདས། ལོ47རེད།

རྨ་ལྷོ་སོག་རྫོང་གི་མང་ཚོགས་ཁྲི་བཞིས་ངག་རྒྱུན་ན་ཁོང་ནི“སོག་རྫོང་གི་བུ་རབ”ཡིན་ཞེས་ནམ་རྒྱུན་གླེང་ཡོང་།

ཉིན་མཚན་འཁོར་མོ་རེ་རེར། རྒྱལ་མཚན་ཡིད་ལ་དྲན་ཡོང་།

རྒྱལ་མཚན་འདས་ནས་ལོ་ངོ་གསུམ་ལྷག་ཕྱིན་པའི་དེ་རིང་། ང་རང་ཡང་བསྐྱར་རྒྱལ་མཚན་གྱི་ལས་ཀ་སྒྲུབ་ཡུལ་དང་འཚོ་བ་སྐྱེལ་མྱོང་བའི་སོག་རྫོང་རྩྭ་ཐང་ཆེན་མོར་ཆགས་པའི་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་སོག་རྫོང་དུ་གོམ་ཁ་བསྒྱུར་ཏེ། ཁོང་གི་ལས་སྣེའི་རྒྱུན་མ་ལྷོད་པར་བསྐྱངས་དང་སྐྱོང་བཞིན་པའི་འཐབ་གྲོགས་སམ་ལས་གྲོགས་རྣམས་ཀྱི་ཡོད་ཚད་ལ་རྒྱུས་ལོན་ཙམ་བྱེད་དུ་སོང་བ་ཡིན།

རྒྱལ་མཚན་འཚོ་བཞུགས་སྐབས་ཀྱི་འདྲ་པར།

རྨ་ལྷོ་སོག་རྫོང་ཏང་གི་སློབ་གྲྭའི་རྗེས་དྲན་ཁང་གི་ལྡེབས་ངོས་ཤིག་ན་རྒྱལ་མཚན་གྱི་འདྲ་པར་བཀོད་ཡོད་ཅིང་། འདྲ་པར་གྱི་གཤམ་དུ། ལས་རྐང་དུ་ཞུགས་ནས་ལོ་ངོ24ཡི་རིང་དང་། ལྷག་པར་རྫོང་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་ལས་ཀ་སྒྲུབ་སྒང་ལ། བློ་མཐུན་རྒྱལ་མཚན་ལགས་ཀྱིས་དུས་དང་རྣམ་པ་ཀུན་དུ་ཏང་གི་བྱེད་ཕྱོགས་ཡིད་ལ་བརྟན་པོར་བཅིངས་ཏེ། དཀའ་སྤྱད་བློས་གཏོང་དང་། ལས་བརྩོན་འབད་འབུངས། འགྲན་རྩོད་ཅི་རིགས་གདོང་གིས་བསུས་ནས་སྤྱིར་བཏང་གི་ལས་གནས་སུ་འཁང་ར་དང་སུན་སྣང་བྲལ་ཞིང་། ལས་གང་ཞིག་སྒྲུབ་པ་ལ་རང་ནུས་ཅི་ཡོད་ཀྱིས་ཐག་གཅོད་བྱེད་པ་སོགས་ངལ་ཐང་གསོ་བའི་དུས་ཚོད་ཀྱང་མེད་པར་གྱུར་བས་མཐར་སྙིང་ནད་བསླངས།  ཡིན་ན་ཡང་ཁོས་སྔར་བཞིན་གཞུང་ལས་གལ་ཆེན་དུ་འཛིན་པ་དང་། ལྷག་པར་དུ་སྤྱི་ཚོགས་བརྟན་བརླིང་སྲུང་སྐྱོང་བྱ་བའི་གནད་འགག་གི་དུས་དེ་ལ་ཆབ་སྲིད་དང་སྤྱི་ཡོངས་ཀྱི་ཕན་བདེའི་ཆེད་དུ་ནད་གཞི་ཇེ་སྡུག་ཏུ་སོང་ཡང་ལས་གནས་བརྟན་སྲུང་དང་འགན་འཁྲི་འཁུར་དུ་བླངས་ནས་བྱ་བ་ཁག་ཚགས་ཚུད་པ་བསྒྲུབས་པས། ཁོང་གི་ཡོད་ཚད་གཞུང་དོན་གྱི་ཆེད་དུ་བློས་གཏོང་ཕོད་པའི་སྙིང་སྟོབས་འདིས་ང་ཚོ་དུས་རབས་གསར་པའི་གུང་ཁྲན་ཏང་ཡོན་རྣམས་ལ་ཚེ་སྲོག་གི་བསྟོད་དབྱངས་སྙན་མོ་ཞིག་བསྒྲོན། ཁོང་ནི་མི་དམངས་ཀྱི་སྤྱི་ཞབས་ཕུལ་བྱུང་ཅན་གྱི་དཔེ་མཚོན་ཡིན་ལ། གུང་ཁྲན་ཏང་ཡོན་ཕུལ་བྱུང་ཅན་གྱི་དཔེ་མཚོན་ཡང་ཡིན། ཁོང་གི་སྔོན་ཐོན་ཕྱག་རྗེས་དང་བླ་མེད་སྙིང་སྟོབས་ཀྱིས་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་ཞེས་པའི་ང་ཚོ་ཏང་གི་མཐར་ཐུག་གི་དམིགས་བྱ་མངོན་མཚོན་བྱས་ཡོད་པ་མ་ཟད། དུས་སྐབས་གསར་པའི་ནང་གི་ཏང་ཡོན་ལས་བྱེད་པའི་བླ་མེད་ཀུན་སྤྱོད་ཡང་ཤུགས་ཀྱིས་བསྟན་ཡོད་ཅེས་པའི་ཡིག་ཕྲེང་འདི་བཀོད་འདུག

རྒྱལ་མཚན་སོང་ཤུལ་གྱི་དེ་རིང་། རྨ་ལྷོ་སོག་རྫོང་གི་ལས་བྱེད་དང་ལས་བཟོ་མང་ཚོགས་ཀྱིས་ཚུགས་ཐུབ་ཀྱི་མི་གཞི་མངའ་ཞིང་། འགྱུར་མེད་ཀྱི་རང་གཤིས་ལྡན་པ། བློ་བཀལ་ཆོག་ལ་མིག་དཔེར་འོས་པའི་ལས་བྱེད་བཟང་པོ་འདི་ལ་གུས་འདུད་དང་བཅས་ཁོང་གི་ལས་བརྩོན་སྙིང་སྟོབས་དང་བླ་མེད་ཀུན་སྤྱོད་ལ་རྗེས་སུ་ཡི་རང་བྱས་བྱུང་།

ལོ་དགུའི་ནང་རྒྱལ་མཚན་གྱིས་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་གི་འགན་འཁུར་བའི་རིང་དུ། འཐབ་ཕྱོགས་གཅིག་གྱུར་མི་རིགས་ཆོས་ལུགས་དོན་གཅོད་བྱ་བ་དེ་རྫོང་དེའི་དཔལ་འབྱོར་སྤྱི་ཚོགས་ཀྱི་བྱ་གཞག་འཕེལ་རྒྱས་སྤྱི་ལ་འབྲེལ་བ་དམ་པོ་ཡོད་པ་རྟོགས་ནས་འབྲོག་ཁྱིམ་དང་། ཁེ་ལས། སྨན་ཁང་། སློབ་གྲྭ་སོགས་སུ་བཅར་ནས་གནས་ཚུལ་ལ་རྒྱུས་ལོན་རྟོག་ཞིབ་བྱས་པ་དང་། ཏང་གི་སྲིད་ཇུས་ལམ་ཕྱོགས་སྐོར་བཞུགས་མོལ་དང་། འཚམས་འདྲི་ལ་སོགས་ཀྱི་རྣམ་པ་གང་རུང་གི་སྒོ་ནས་མང་ཚོགས་ལ་དྲིལ་སྒྲོག་གང་ལེགས་དང་། དམངས་ཀྱི་རྩོད་རྙོག་མང་པོ་འདུམ་འགྲིག་ཐག་གཅོད་བྱས། ད་ཆ་རྨ་ལྷོ་སོག་རྫོང་གི་ལ་ཁ་དང་། ཟླ་ཚི། ཞང་གྲགས། ཆོས་སྒར་དགོན་བཅས་ཡོངས་ལ་སྨན་བཅོས་འགན་སྲུང་དང་སྤྱི་ཚོགས་འགན་སྲུང་གནང་ཡོད་པས་རྒྱ་ཆེའི་གྲྭ་བ་རྣམས་ཀྱི་འཚོ་བ་དང་སློབ་སྦྱོང་། སྡོད་གནས་ཆ་རྐྱེན་ཇེ་ལེགས་སུ་སོང་ཡོད་པ་རེད། 2011ལོར་རྒྱལ་མཚན་གྱིས“གསུམ་བརྗོད་འགྲན་གཉིས་གཅིག་སྤེལ”གྱི་དགོངས་གཞི་བཏོན་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་སྐྱོང་བྱ་བ་དམ་འཛིན་ནན་འཛིན་བྱས་པ་དང་། དགོན་པའི་དོ་དམ་སྤྱི་ཚོགས་དོ་དམ་གྱི་ཕྱོགས་སུ་བསྒྱུར་ནས་ཆོས་ལུགས་མངའ་ཁོངས་ཀྱི་སྲོལ་བཟང་ལོ་དང་། འཐབ་ཕྱོགས་གཅིག་གྱུར་མི་རིགས་ཆོས་ལུགས་དོན་གཅོད་མངའ་ཁོངས་ཀྱི“ཆད་ལྷག་ཁ་གསབ”ལོ། མི་རིགས་མཐུན་སྒྲིལ་ཡར་ཐོན་སྔོན་སྤེལ་ཁུལ་གྱི་དཔེ་སྟོན་འཛུགས་སྐྲུན་བཅས་ཀྱི་ལས་སྒོ་རབ་དང་རིམ་པ་སྤེལ་བ་དང་། དགོན་སྡེར་ཁྲིམས་སྐྱོང་སློབ་གསོ་དང་བསམ་བློའི་སློབ་གསོ་སྤེལ་བར་འཁྲིད་སྟོན་བཟང་པོ་བཅས་རྫོང་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་དང་། ཆོས་ལུགས་མཉམ་སྤེལ། ས་གནས་བརྟན་ལྷིང་། སྤྱི་ཚོགས་འཆམ་མཐུན་ངང་གོང་དུ་སྤེལ་བར་དགོས་ངེས་ཀྱི་ནུས་པ་བཏོན།

ཁོང་སོག་རྫོང་གི་མི་མིན་ཡང་། སོག་རྫོང་དུ་ལས་ཀ་སྒྲུབ་ནས་ལོ་མང་འགོར་བས་ཕ་ས་གཉིས་པ་རུ་གྱུར་ཡོད་ལ། ཡུལ་འདིའི་ཡོད་ཚད་ལ་དུང་ཞེན་ཟབ། ཁོང་ལ་ཁ་བརྡ་བྱས་མྱོང་མཁན་འབྲོག་པ་མང་ཚོགས་ཀྱིས་ཐེ་བོང་སྒྲེང་ནས་རྒྱལ་མཚན་ནི་འགོ་ཁྲིད་བཟང་པོ་ཞིག་ཡིན་ཞེས་བསྔགས་བརྗོད་ཀྱི་མེ་ཏོག་གཏོར་ཡོང་།

མཐོ་ཡུལ་མ་ཡུལ་ཚོ་དང་གཡུ་སྒང་ཉིན་གྲོང་རྡལ་གྱི་ཏང་ཨུའི་ཧྲུའུ་ཅིའི་འགན་བཞེས་པའི་སྐབས་ལ། ཁོས་ཕྱོགས་སོ་སོར་གྲོས་སྡུར་མཐུན་སྦྱོར་ཧུར་ཐག་བྱས་ནས་ལོ་ངོ17རིང་གི་གཡུ་སྒང་ཉིན་གྲོང་རྡལ་གྱི་ཨ་རྨོག་གྲོང་ཚོ་དང་། ནན་ཆི་གྲོང་ཚོ། རྩེ་ཁོག་རྫོང་གི་ཆ་སྐོར་ཡུལ་ཚོ་བར་གྱི་རྩྭ་ས་རྩོད་གླེང་གི་གནད་དོན་ཐག་བཅད་པ་མ་ཟད། ནན་ཆི་གྲོང་ཚོ་མཉམ་འབྲེལ་ས་ཚིགས་ཀྱི་འགོ་ཁྲིད་ཡིན་པའི་ངོས་ནས་གཞི་རིམ་གྱི་ལས་ཀའི་ཉམས་མྱོང་དང་མང་ཚོགས་ཀྱི་རྨང་གཞི་མཐུག་པོར་བརྟེན་ནས་སྐབས་བརྗེ་འགོ་ཁྲིད་དང་། བརྟན་ལྷིང་ལ་སོགས་ཀྱི་ལས་ཀ་མང་པོ་བདེ་བླག་ངང་གྲུབ་ནས་གྲོང་ཚོ་དེ་ཡང་ཁུལ་ཡོངས་དང་ཐ་ན་ཞིང་ཆེན་ཡོངས་ཀྱི་དཔེ་སྟོན་གྲོང་ཚོར་གྱུར།

རྒྱལ་མཚན་པུའུ་ཀྲང་ནི་འགན་སེམས་ཧ་ཅང་ཆེ་བའི་མི་ཞིག་ཡིན། ལས་ཀའི་ཐད་ཉམས་མྱོང་ཕུན་སུམ་ཚོགས་པ་མ་ཟད། གྲོན་ཆུང་སྲི་ཚགས་ལ་འཇོན་མཁན་ཞིག་ཡིན། ཁོང་ང་ཚོའི་གྲོང་ཚོར་དུས་རྒྱུན་དུ་ཡོང་གིན་ཡོད་ན་ཡང་དཔོན་ཚུགས་ཏོག་ཙམ་ཡང་མི་སྟོན། བསམ་བློའི་སློབ་གསོ་གཏོང་སྐབས་སུ་ཁོས་དུས་རྟག་ཏུ་ང་ཚོར་མཐུན་སྒྲིལ་མེད་ན་འཕེལ་རྒྱས་མེད་ཅེས་སྨྲས་འོང་། གྲོང་ཚོའི་དོན་དག་ཆེ་མ་ཆུང་གསུམ་གང་ལ་ཡང་མ་སྐུལ་རང་རྟོགས་ཀྱིས་ཞུགས་ནས་དང་ལེན་བྱེད། དངོས་འདྲའི་མི་བཟང་བོ་ཟེར་བ་ཡིན། ཞེས་གཡུ་སྒང་ཉིན་གྲོང་རྡལ་ཨ་རྨོག་གྲོང་ཚོའི་ཀྲི་པུའུ་ཧྲུའུ་ཅི་མ་མདོ་མདོས་བརྗོད་བྱུང་།

ལོ་ངོ24རིང་གི་གཞུང་ལས་ཀྱི་བཞུད་ལམ་དང་འགོ་ཁྲིད་ཀྱི་ལས་གནས་མི་འདྲ་བའི་སྟེང་། རྒྱལ་མཚན་གྱིས་ཕྲག་གི་འགན་ཁུར་དང་ལག་གི་དབང་ཆ་གཟབ་གཟབ་ཀྱི་སྒོ་ནས་ལག་བསྟར་བྱས། རྫོང་རིམ་པའི་འགོ་ཁྲིད་ཀྱི་འགན་བཞེས་རྗེས་རང་ཉིད་ལ་རེ་བ་དེ་བས་གཟབ་ནན་བཏོན་ནས་མངའ་འོག་གི་ལས་གྲོགས་དང་གཞི་རིམ་ལས་བྱེད། མང་ཚོགས་གང་ཡིན་ཡང་རང་དང་འདྲ་མཉམ་གྱི་བསམ་པ་འཛིན་ལ། བྱ་བར་ནན་ཏན་ཐལ་དྲག་པོས་མངའ་འོག་གི་ལས་གྲོགས་རྣམས་ཀྱང་ཧ་ལས་ཧང་སངས་སུ་བཅུག་ཡོད་པ་རེད། དེ་རིང་གི་དོན་དག་སང་ལ་མི་བསྐྱུར་བ་ཞིག་ཡིན་པས། ཉིན་རེར་མ་མཐའ་ཡང་ཆུ་ཚོད་བཅུའི་ཡན་ལ་ལས་ཀ་བསྒྲུབ་ངེས། ལོའི་བཅུའི་རིང་ལ་རྫོང་རིམ་པའི་འགོ་ཁྲིད་ཀྱི་འགན་བཞེས་སྐབས་སུ་རྫོང་ཡོངས་ཀྱི་ཡུལ་ཚོ་དང་གྲོང་རྡལ་གྱི་རོང་འབྲོག་ཁུལ་དང་དགོན་སྡེ་ལ་རྟོག་ཞིབ་དང་བྱ་བའི་ཐད་སློབ་སྟོན་བྱེད་དུ་ཉུང་མཐའ་ཡང་ཐེངས་བརྒྱ་ཕྲག་ཡན་བསྐྱོད་སོང་བས། ཧ་ལམ་ཡུལ་དེའི་ཞིང་གྲོང་དང་དགོན་སྡེ་ཕལ་ཆེར་ན་ཁོའི་རྐང་རྗེས་བཞག་ཡོད།རང་བྱུང་གི་གནོད་འཚེ་དང་ནད་ཡམས། རོང་འབྲོག་མང་ཚོགས་བར་གྱི་རྩོད་རྙོག་སོགས་ཡུལ་གང་དུ་བྱུང་ན་ཁོ་དེ་རུ་ཐོན་ཡོང་།

རྒྱལ་མཚན་པུའུ་ཀྲང་གིས་དུས་རྟག་ཏུ་ང་ཚོ་ལ། རང་ཉིད་སྐྱེས་སའི་རྩྭ་ཐང་དང་འབྲོག་པ་མང་ཚོགས་ནམ་དུས་ཡིན་ཡང་སེམས་ནས་བརྗེད་མི་རུང་ཞེས་བརྗོད་མྱོང་། དུས་རྒྱུན་རླངས་འཁོར་བཀོལ་སྤྱོད་མང་པོ་མི་བྱེད་པར་ང་ལ་ལས་ཀ་གཞན་བསྒྲུབ་དུ་འཇུག་འགྲོ་ཞེས་ཁོང་གི་རླངས་འཁོར་ལོ་བཅུ་རིང་ལ་བསྐོར་མྱོང་བའི་ཁ་ལོ་བ་རུས་ཀྲའོ་ཅན་གྱིས་འདས་ཟིན་པའི་བྱ་བར་ཕྱིན་དྲན་བྱེད་དུས་མིག་ནས་མཆུ་མ་འདོན་བཞིན་དུ་དེ་ལྟར་བརྗོད་བྱུང་།

རྒྱལ་མཚན་འདས་རྗེས་སྡུག་བསྔལ་ཆེན་པོ་མྱོང་མཁན་ནི་ཁོའི་བཟའ་ཟླ་སྐལ་བཟང་སྒྲོལ་མ་ཡིན། མོས་གསར་འགོད་པར། རྒྱལ་མཚན་ནི་གཤིས་ཀ་འཇམ་ལ་ནམ་རྒྱུན་དགའ་དགའ་སྐྱིད་སྐྱིད་ངང་འགྲོ་བའི་མི་ཞིག་ཡིན། ལོ་ངོ20ལྷག་གི་སྐྱིད་སྡུག་མཉམ་མྱོང་གི་འཚོ་བའི་ཁྲོད། ཕ་མ་ལ་བསྙེན་བཀུར་དང་བུ་ཕྲུག་གཉིས་ལ་གཅེས་སྐྱོང་ཡག་པོ་བྱེད་ཅིང་།གཤིས་ཀ་འཇམ་པོ་ཞིག་ཡིན་པས་ཁོང་ཁྲོ་ཆེན་པོ་ཞིག་ལངས་སོང་བའི་ཉམས་སྣང་ཞིག་ད་ལྟའི་བར་ངའི་ཡིད་ལ་དྲན་གྱི་མི་འདུག སྐལ་བཟང་སྒྲོལ་མའི་མིག་ཟུང་བསྲན་ཚིགས་དོད་ན་ཡང་མོའི་ནང་སེམས་ཀྱི་སྐྱོ་གདུང་དེ་འགེབས་ཐེབས་ཅི་ལ་ཡོད། ཚུལ་དེ་ལས་མོ་ནི་རང་གཤིས་བརྟན་ལ་འགན་སེམས་ཆེ་བའི་བུད་མེད་གཟོད་བསྲན་ཅན་ཞིག་ཡིན་པ་ཤེས་ཐུབ། སྤྱི་བདེ་ལས་བྱེད་པ་ཞིག་ཡིན་པའི་ཆ་ནས་མོས་སྤྱི་བདེའི་ལས་ཀ་ནན་ཏན་གྱི་བསྒྲུབ་དགོས་པ་མ་ཟད། ཁྱིམ་ཚང་གང་བོ་ལའང་བདག་སྐྱོང་བྱེད་དགོས། གདུང་སེམས་ཚད་མེད་ཀྱི་ངང་ནས་བསྐྱལ་བའི་ལོ་ཟླས་མོ་རང་འཚོ་བ་དང་དཀའ་སྡུག་ལ་གདོང་གཏད་ཐུབ་པའི་བུད་མེད་སྙིང་སྟོབས་ཅན་ཞིག་ཏུ་བསྒྱུར་འདུག

བར་སྣང་ནས་བླངས་པའི་སོག་རྫོང་གི་འདྲ་པར།

ད་ལྟའི་རྨ་ལྷོ་སོག་རྫོང་ནི་ཞིང་ཆེན་ཡོངས་ཀྱི་སྔོན་ལ་དབུལ་པོའི་ཞྭ་མོ་ཕུད་མཁན་གྱི་རྫོང་ཡིན་ཞིང་། གྲུབ་འབྲས་དེ་སོག་རྫོང་ཡུལ་མི་རྣམས་ཀྱིས་སེམས་ལ་ཉར་ཞིང་ཏང་ལ་བློ་དཀར་བའི་དམ་བཅའ་ལྟ་བུར་གྱུར་ཡོད།

ད་ལྟའི་རྨ་ལྷོ་སོག་རྫོང་སྟེ། སྔ་གཞུག་ཏུ་རྒྱལ་ཡོངས་དབུལ་སྐྱོར་དང་ཁྲིམས་སྐྱོང་གསར་འཛུགས། མི་རིགས་མཐུན་སྒྲིལ་ཡར་ཐོན་དང་སྔོན་ཐོན་གསར་གཏོད་ཀྱི་ས་ཁུལ་སོགས་མཚན་སྙན་ཐོབ། མཚན་སྙན་འདི་སོག་རྫོང་གི་ཡུལ་མི་རྣམས་ཀྱིས་དུས་དང་རྣམ་པ་ཀུན་དུ་ཡིད་ལ་བཅིངས་ནས་མདུན་སྐྱོད་ཀྱི་ཉམས་མེད་སྒུལ་ཤུགས་སུ་བསྒྱུར་ཡོད།

ད་ལྟའི་རྨ་ལྷོ་སོག་རྫོང་སྟེ། བསྟུན་མར་ལོ12རིང་ལ་རྒྱལ་ཁབ་ཀྱི་སྐྱེ་ལྡན་བཟའ་ཆས་ཐོན་སྐྱེད་རྟེན་གཞིའི་དཔང་དངོས་བདེན་པ་ཡིན་པའི་ར་སྤྲོད་ཁས་ལེན་ཐོབ། དངུལ་རྭ་ལུག་དང་། ཞོ་ཏོ་གཡག་གཉིས་རྒྱལ་ཁབ་སྒོ་ཟོག་རྒྱུད་བཟང་ཐོན་ཁུངས་ཀྱི་མིང་ཐོར་ཚུད། ཚོང་འགུགས་དངུལ་འདྲེན་ལ་ལོ་རྒྱུས་རང་བཞིན་གྱི་ཐོལ་བརྒལ་ཆེན་པོ་བྱུང་། འགན་འཁྲི་ནི་སོག་རྫོང་གི་ཡུལ་མི་རྣམས་ཀྱིས་ཕྲག་ཏུ་བླངས་ནས་རི་ཆུ་སྔོ་དྭངས་ཀྱི་བླ་མེད་འགན་འཁྲི་རུ་བསྒྱུར།

དེ་རིང་གི་རྨ་ལྷོ་སོང་རྫོང་སྟེ། ཏང་གི་མི་རིགས་སྲིད་ཇུས་ཀྱི་འོད་ཟེར་ཁྲོད་ནས་མི་རིགས་ཁག་གི་བུ་དང་བུ་མོས་འབད་འབུངས་ཧུར་བསྐྱེད་བྱས་ཏེ། གནམ་ས་བླ་འོག་བརྗེ་བ་ལྟ་བུའི་འཕེལ་རྒྱས་ཆེན་པོ་གསར་དུ་གཏོད་ཅིང་། འཕེལ་འགྱུར་གྱི་རླབས་ཤུགས་རྒོད་པོའི་ལོ་རྒྱུས་ཀྱི་རི་མོ་བཞེངས། ནང་སྒོས་སུ་ཀྲུང་དབྱང་གིས་བོད་ཁུལ་འཕེལ་རྒྱས་མགྱོགས་པོར་གཏང་བའི་རྒྱབ་སྐྱོར་སྲིད་ཇུས་ལག་བསྟར་བྱས་ནས་བཟུང་། རྨ་ལྷོ་སོག་རྫོང་གིས་ཤེས་བརྩོན་ཡར་བསྐྱེད་དང་། ལས་དངོས་དམ་འཛིན་བྱས་པ་ནས“སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས”དང་“ཁུལ་གསུམ་འཛུགས་སྐྲུན”བྱ་བའི་སྐྱོན་བྲལ་འཕེལ་རྒྱས་ཀྱི་ལམ་དུ་ཤུགས་ཀྱིས་བསྐྱོད་པས། རྫོང་ཡོངས་ཀྱི་གོང་འོག་ཀུན་དུ་ཆབ་སྲིད་གཏན་འཇགས་ཡིན་ལ། དཔལ་འབྱོར་དར་ཞིང་རྒྱས་པ། སྤྱི་ཚོགས་ཡར་རྒྱས་ཆེ་ལ། མི་དམངས་བདེ་སྡོད་ལས་ལ་བརྩོན་པའི་དགའ་འོས་པའི་རྣམ་པ་ཡིད་གར་འོང་ཞིག་མངོན།

གསར་འགོད་པས་མྱོང་བརྗོད།ངས་ཆེས་སྤྱིར་བཏང་གི་ལས་བྱེད་ཅིག་གི་ངོས་ཐད་ནས་རྒྱལ་མཚན་ལ་ངོས་འཛིན་དང་། འདྲ་མཉམ་གྱི་ངོས་ཐད་ནས་ཁོ་ལ་ལྟ་ཚུལ་བརྗོད་པ་ཡིན། མང་ཚོགས་ཀྱིས་རྒྱལ་མཚན་ལ“སོག་རྫོང་གི་བུ་རབ”ཞེས་འབོད་ཚུལ་ལ་བལྟས་ན། ཁོང་ནི་མིང་ཐོབ་ལ་དོ་སྣང་མི་བྱེད་པར་དུས་རྟག་ཏུ་རང་ཉིད་བརྗེད་ཅིང་མང་ཚོགས་སེམས་ཁོང་དུ་ཉར་ནས་ལས་ཀ་སྒྲུབ་མཁན་ཞིག་ཡིན་ལ། ཏང་གི་བྱ་བ་དང་མང་ཚོགས་ལ་ཞབས་འདེགས་ཞུ་རྒྱུ་དེ་མི་ཚེའི་སྤྲོ་སྣང་ཆེ་ཤོས་སུ་བརྩིས་ནས་སྤྱིར་བཏང་གི་ལས་ཀ་ཙག་ཙིག་ཡང་ཚགས་མེད་ངང་ནས་སྒྲུབ་མཁན་ཞིག་རེད། ཁོང་རྩྭ་ཐང་གི་རྩི་ཤིང་ཆུང་ཆུང་ཞིག་བྱེད་འདོད་ན་ཡང་། མཚན་སྙན་རང་དབང་མེད་པར་མི་ཟད་བྲག་ངོས་སུ་བབས་བྱུང་བས་ལོ་རྒྱུས་ཀྱི་དྲི་བསུང་མཁའ་དབྱིངས་སུ་ལྡང་།

ཁོན་ཐར་འཚོས་བསྒྱུར།