མཚོ་སྔོན་ཞིང་ཆེན་སྲིད་གཞུང་ཏང་ཙུའུ་ཡིས་གྲོས་ཚོགས་བསྡུས་པ།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན། སྤྱི་ཟླ1པོའི་ཚེས7ཉིན། ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི། ཧྲིན་ཀྲང་ལིག་ཉིང་གིས་འགོ་མཛིན་བྱས་ནས་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་གྲོས་ཚོགས་བསྡུས་ཏེ། ཀྲུའུ་ཞི་ཞི་ཅིན་ཕིང་གི2020ལོའི་ལུགས་གསར་ལོ་སར་གྱི་ཤིས་ཚིག་དང་། ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན། ཀྲུང་གོ་གུང་ཁྲན་ཏང་གི་ཏང་དང་རྒྱལ་ཁབ་ལས་ཁུངས་ཀྱི་གཞི་རིམ་རྩ་འཛུགས་བྱ་བའི་སྲོལ་ཡིག་སློབ་སྦྱོང་བྱས་པ་དང་། ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཡི“ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་འཆང་པའི”བརྗོད་དོན་སློབ་གསོ་སྤེལ་བའི་གནས་ཚུལ་སྐོར་གྱི་སྙན་ཞུ་ལ་ཉན་པ་དང་། དུས་ཚིགས་དང་པོའི་གཙོ་གནད་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས་པ་རེད།

ཚོགས་ཐོག་ནས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གི་ལུགས་གསར་ལོ་སར་གྱི་ཤིས་ཚིག་བབ་ཆགས་ཤིང་བརྩེ་སེམས་ལྡན་ལ། མི་ལ་སྐུལ་སློང་ཐེབས་ཐུབ་པ་དང་། སྤྱི་ཚོགས་ཡོངས་ནས་ཚུར་སྣང་ཆེན་པོ་ཐོབ། ཤིས་ཚིག་གི་དགོངས་དོན་སློབ་སྦྱོང་གང་ཟབ་དང་། ཚིག་འབྲུའི་བར་གྱི་མི་སེམས་འགུལ་བར་བྱེད་པའི་སྟོབས་ཤུགས་ལ་རྒྱུས་ལོན། ཐོག་མའི་བསམ་འདུན་དང་འགན་འཁྲི་ཡིད་ལ་དམ་པོར་འཛིན་པ། དུས་ཚོད་ཆུད་ཟོས་སུ་མི་གཏོང་བ། མུ་མཐུད་མདུན་བསྐྱོད་དང་དཀའ་སྤྱད་འབད་འཐབ་བཅས་ཀྱི་སྒོ་ནས། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་ཁག་ཐེག་བྱ་དགོས་ཞེས་བསྟན་པ་རེད།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་དང་རྒྱུས་ལོན་གཏིང་ཟབ་དང་། ཁྲོན་ཧའེ་ཟམ་ཆེན་སྟེང་རླངས་འཁོར་ཤར་གཏོང་བྱེད་པ་གོ་སྐབས་སུ་འཛིན་པ། སྤུན་ཟླ་ཞིང་ཆེན་དང་གྲོང་ཁྱེར་བར་གྱི་བརྗེ་རེས་འགྲོ་འོང་ལ་ཤུགས་སྣོན་པ། ལན་ཀྲི་དང་ཟི་ལིང་གྲོང་ཁྱེར་གཉིས་འཛུགས་སྐྲུན་བཟང་པོ་བྱས་ཏེ། ལན་ཀྲི་དང་ཟི་ལིང་གི་གྲོང་ཁྱེར་ཚོགས་འཛུགས་སྐྲུན་བྱེད་དགོས་ལ། “རྒྱུད་གཅིག་ལམ་གཅིག”གི་ནུབ་རྒྱུད་སྐམ་མཚོའི་བགྲོད་ལམ་གསར་པའི་ཁྲོད་འདྲེས་པར་བྱེད་པ་དང་། དུས་རབས་གསར་པའི་ནུབ་རྒྱུད་གསར་སྤེལ་ཆེན་མོའི་རྣམ་པ་གསར་པ་གྲུབ་པར་བྱ་དགོས་པ་མ་ཟད། རྨ་ཆུའི་བཞུར་རྒྱུན་ཁུལ་ཁོངས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ཀྱི་འཐབ་ཇུས་གོ་སྐབས་གལ་ཆེན་དམ་འཛིན་བྱེད་པ་དང་། ལྟ་ཆུ་བསྐྱིལ་གསོག་མཐོར་འདེགས་དང་ས་ཆུ་ཟགས་རུད་བཅོས་སྐྱོང་བྱེད་པ་སོགས་བཟོ་སྐྲུན་ལ་དམིགས་ནས། ལས་འགན་དང་བྱེད་ཐབས་གཙོ་བོ་འཐུས་ཚང་དུ་གཏོང་བ། སྔོན་དུ་འཆར་འགོད་བྱེད་པ་དང་བརྩོན་ལེན་བྱས་ནས། བྱ་བ་སྣ་ཚོགས་བརྟན་བརླིང་ངང་སྤེལ་དགོས་ཟེར།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། ཀྲུང་གོ་གུང་ཁྲན་ཏང་གི་ཏང་དང་རྒྱལ་ཁབ་ལས་ཁུངས་ཀྱི་གཞི་རིམ་རྩ་འཛུགས་བྱ་བའི་སྲོལ་ཡིག་གི་དགོངས་དོན་སློབ་སྦྱོང་ནན་མོ་དང་རྒྱུས་ལོན་གཏིང་ཟབ། སྲོལ་ཡིག་གི་ནང་དོན་ལ་ཁྱོན་ཡོངས་ནས་རྒྱུས་ལོན་བཅས་བྱས་ནས། ཏང་འཛུགས་བྱ་བའི་ཁ་གཏད་རང་བཞིན་དང་ཕན་ནུས་རང་བཞིན་ཇེ་དྲག་ཏུ་གཏང་བར་དམིགས་ཏེ། གཞི་རིམ་ཏང་འཛུགས་བྱ་བ་སྤེལ་བའི་བསམ་ཕྱོགས་གསར་པ་དང་བྱེད་ཐབས་གསར་པར་བསམ་གཞིགས་གཏོང་དང་འཆར་འགོད་བྱེད་དགོས། སྲོལ་ཡིག་ལག་བསྟར་བྱེད་པའི་གནས་ཚུལ་ཐད་ཀྱི་ལྟ་སྐུལ་ཞིབ་བཤེར་ལ་ཤུགས་བསྣན་ནས། གཏན་ཁེལ་སྣ་ཚོགས་ཕན་ཡོད་པའི་སྒོ་ནས་ལག་བསྟར་བྱེད་པར་ཁག་ཐེག་བྱ་དགོས་ཟེར།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། དུས་ཚིགས་དང་པོའི་བྱ་བས་ལོ་ཧྲིལ་བོའི་བྱ་བའི་ཐད་ཚོད་དཔག་གཙིགས་མོ་བྱེད་པ་དང་སྣེ་ཁྲིད་ཀྱི་ནུས་པ་འདོན་ཐུབ་པ་དང་། ཞིང་ཆེན་གོང་འོག་ཡོངས་ཀྱིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་སྣ་ཚོགས་ལ་རྒྱུས་ལོན་གསལ་པོ་བྱེད་པ་དང་། མཚོ་སྔོན་ཞིང་ཆེན་གྱི་གནས་ཚུལ་དངོས་ལ་ཟུང་འབྲེལ་བྱེད་པ། འགན་འཁྲི་དང་ཁ་ཕྱོགས་གཏན་ཁེལ་གསལ་པོ་བྱས་ཏེ། བྱ་བ་ལག་བསྟར་བྱེད་པའི་ཐད་ནས་བྱེད་ཐབས་ཡོད་པ་དང་། དམིགས་འབེན་གྱི་སྣེ་ཁྲིད་རྒྱུན་འཁྱོངས་བྱེད་པ། མཉམ་ཤུགས་གཅིག་ཏུ་བསྡུར་པ། གཙོ་གནད་འབུར་དུ་ཐོན་པར་བྱེད་པ། ཉེན་ཁ་གོ་སྐབས་སུ་བསྒྱུར་བ། དཀའ་ངལ་ཁྱད་སེལ་བྱེད་པ་དང་ཁ་གཏད་བཟང་པོ་འཇལ་བ། འཕེལ་རྒྱས་ཀྱི་ཡིད་ཆེས་ཇེ་བརྟན་དུ་བཏང་སྟེ། རྒྱལ་ཁབ་ཀྱི་འཐབ་ཇུས་ལག་བསྟར་བྱེད་པའི་ཁྲོད་མཚོ་སྔོན་གྱི་ཁག་ཁུར་མངོན་པར་བྱེད་དགོས། བདེ་འཇགས་འདུ་ཤེས་སྲ་བརྟན་དུ་བཏང་སྟེ། བདེ་འཇགས་འཕེལ་རྒྱས་དེ་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏང་བའི་འོས་འགན་དུ་བརྩིས་ནས་ཡིད་ལ་དམ་པོར་འཛིན་དགོས་ཟེར།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི་གཞོན་པ་ལིས་ཅེ་ཞང་དང་ཏང་ཙུའུ་ཁོངས་མི་ཝང་ལིས་མེན། དབྱང་ཧྥུན་ཁྲུན། ཝང་ཀྲིན་ཧྲིན། ཀྲང་ལིས། ཀྲང་ཧོང་ཡོན་བཅས་གྲོས་ཚོགས་ལ་ཞུགས་པ་དང་། ཧྲིན་ཀྲང་གཞོན་པ་ཁོང་ཡུང་གྲོས་ཚོགས་ལ་ཟུར་ཞུགས་བྱས་པ་རེད།