རྨ་ལྷོ་ཁུལ་སྲིད་གཞུང་ཏང་ཙུའུ་ཡིས་རྒྱ་ཆེའི་ཚོགས་འདུ་འཚོགས་ནས་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན། ཉེ་སྔོན། རྨ་ལྷོ་ཁུལ་སྲིད་གཞུང་གི་ཏང་ཙུའི་ཧྲུའུ་ཅི་ཁུལ་དཔོན་ཆའོ་ཞུའེ་ཀྲིས་ཁུལ་སྲིད་གཞུང་གི་ཏང་ཙུའུའི(རྒྱ་ཆེ)ཚོགས་འདུ་གཙོ་སྐྱོང་གནང་ནས་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་དང་ཞིང་ཆེན་དང་ཁུལ་ཡི་འབྲེལ་ཡོད་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་འབྲེལ་སྲིད་གཞུང་ཁོངས་གཏོགས་ཀྱི་ལག་བསྟར་དོན་འཁྱོལ་ལས་དོན་བཀོད་སྒྲིག་ཀྱང་བྱས་པ་རེད།

ཚོགས་འདུའི་ཐོག་བསྟན་དོན། ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་ཐོག་2019ལོའི་དཔལ་འབྱོར་ལས་དོན་ལ་ཕྱོགས་སྡོམ་གཏིང་ཟབ་དང་མིག་སྔའི་དཔལ་འབྱོར་དུས་བབ་ལ་དབྱེ་ཞིབ་གཏིང་ཟབ་བྱས་ཏེ་2020ལོའི་དཔལ་འབྱོར་ལས་དོན་ལ་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་ཏེ་ང་ཚོས་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་དཔལ་འབྱོར་ལས་དོན་ཡག་པོ་བསྒྲུབ་རྒྱུ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་དང“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ཕུན་སུམ་ཚོགས་པོའི་ངང་མཇུག་བསྡུའི་འགན་ལེན་བྱ་རྒྱུ། མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད།

ཚོགས་འདུའི་ཐོག་ས་གནས་ཁག་དང་སྡེ་ཚན་ཁག་གིས་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་སློབ་སྦྱོང་ནན་ཏན་དང་གོ་བ་གཏིང་ཟབ་ལེན་རྒྱུ་དེ་མིག་སྔའི་ལས་དོན་གྱི་གལ་ཆེའི་ནང་གི་འགངས་ཆེར་བརྩིས་ནས་བསམ་བློ་དང་བྱ་སྤྱོད་ཚོགས་འདུའི་དགོངས་དོན་ཐོག་གཅིག་གྱུར་དང་། དཔལ་འབྱོར་ལས་དོན་ཐད་ཀྱི་ཏང་ཀྲུང་དབྱང་གི་ཐབས་ཇུས་གལ་ཆེན་ཐོག་གཅིག་གྱུར་བྱས་ཏེ་2020ལོར་དཔལ་འབྱོར་ལས་དོན་ཐད་སྒྲུབ་དགོས་པའི་དོན་ཆེན་45དང་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གིས་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་རྒྱུའི་སྐོར་གྱི་བཀོད་སྒྲིག་བླང་བྱ་ཇི་མ་ཇི་བཞིན་དོན་འཁྱོལ་ཡག་པོ་བྱེད་དགོས་པའི་ནན་བཤད་གནང་བ་རེད།

ཚོགས་འདུའི་ཐོག་ས་གནས་ཁག་དང་སྡེ་ཚན་ཁག་གིས་འདི་ལོའི་ལས་དོན་གྱི་གྲུབ་འབྲས་ཕྱོགས་ཡོངས་ནས་ཕྱོགས་སྡོམ་དང་གསེད་བཀྲོལ་ཡག་པོ་བྱེད་པའི་རྨང་གཞིའི་ཐོག་བསམ་ཕྱོགས་གསལ་པོ་བཟོ་བ་དང་། དམིགས་ཚད་གཏན་འཁེལ་བྱེད་པ། བྱ་ཐབས་ཞིབ་ཕྲ་བཟོ་བ་བཅས་བྱས་ནས་ཕྱི་ལོའི་ལས་དོན་ཏན་ཏིག་ངང་འཆར་འགོད་ཡག་པོ་བྱས་ཏེ་ཕྱི་ལོའི་ལས་དོན་ཁག་ཡག་པོ་བསྒྲུབ་རྒྱུར་རྨང་གཞི་ཡག་པོ་འདིང་དགོས་པའི་བླང་བྱ་བཏོན་པ་རེད། ཕྱོགས་དྲུག་གི་ཐད་ནས་སྔོན་ལ་བསྐྱོད་དགོས་པ་སྟེ། གཅིག་ནས་གོ་སྐབས་དམ་འཛིན་བྱེད་པའི་ཐད་སྔོན་ལ་བསྐྱོད་དགོས། ཀྲུང་དབྱང་དཔལ་འབྱོར་ལས་དོན་ཚོགས་འདུའི་ཐོག་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ་དང་། འགག་སྒྲོལ་དམག་འཐབ་ཆེན་པོ་གསུམ་ཡག་པོ་རྒྱག་པ། དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་བ། དགེ་མཚན་ལྡན་པའི་ནོར་སྲིད་སྲིད་ཇུས་ལག་བསྟར་བྱེད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་དོན་ཆེན་45བཏོན་པ་དང་། དེ་བཞིན་ཏང་ཀྲུང་དབྱང་གིས་བཏོན་པའི་རྨ་ཆུ་རྒྱུག་ཁུལ་གྱི་སྣོད་བཅུད་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། དམག་ཤུགས་གཅིག་སྡུད་ཀྱིས་ཤིན་ཏུ་དབུལ་པོའི་ཚར་གཅོད་དམག་འཐབ་ཡག་པོ་རྒྱག་པ། སྲིད་ཇུས་དང་མ་དངུལ་རྣམས“ཁུལ་གསུམ་དང་ཁུལ་གསུམ”ལ་ཕྱོགས་པ་སོགས་ཀྱི་སྲིད་ཇུས་དང་བྱེད་ཐབས་གལ་ཆེན་མང་པོ་ཞིག་བཏོན་ཡོད། ས་གནས་ཁག་དང་སྡེ་ཚན་ཁག་གིས་དུས་བབ་གསལ་རྟོགས་དང་དུས་བབ་དང་བསྟུན་ནས་བྱ་སྤྱོད་སྤེལ་ཏེ་དུས་ཐོག་ཏུ་དགོངས་དོན་ཁོང་དུ་ཆུད་པ་དང་། སྙིང་སྟོབས་ཁོང་དུ་ཆུད་པ། སྲིད་ཇུས་ཀྱི་སྟོན་ཕྱོགས་ལ་ཞིབ་འཇུག་བཅས་བྱས་ཏེ་འཕེལ་རྒྱས་ཀྱི་གོ་སྐབས་དམ་འཛིན་བྱེད་པའི་ཐད་གཞན་གྱི་སྔོན་དུ་བསྐྱོད་ཕོད་པ་དང་། “སྔོན་ལ་མིག་མངས་རྩེ་”ཡག་པོ་རྒྱག་པ། རང་རེའི་ཁུལ་ཡི་འཕེལ་རྒྱས་དང་འབྲེལ་བ་དམ་ཟབ་ཡོད་པའི་སྲིད་ཇུས་ཀྱི་གོ་སྐབས་ཕྱོགས་ཡོངས་ནས་སྟངས་འཛིན་དང་བེད་སྤྱོད་ཡག་པོ་བཅས་བྱས་ཏེ་ཀྲུང་དབྱང་དང་ཞིང་ཆེན་གྱི་སྲིད་ཇུས་ཀྱི་རྒྱབ་སྐྱོར་དེ་ཞིབ་ཕྲའི་རྣམ་གྲངས་དང་དོན་དངོས་ཐད་གཏོང་རྒྱུར་དངོས་འབྲེལ་རྒྱབ་སྐྱོར་བྱས་ནས་རྨ་ལྷོ་ས་ཁུལ་འཕེལ་རྒྱས་མྱུར་པོ་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། གཉིས་ནས་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྐྲུན་རྒྱུའི་ཐད་སྔོན་ལ་བསྐྱོད་དགོས། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་རིམ་སྤོར་དང་། “ཐག་གཅོད་མི་བྱེད་པ་བཞིའི”སྲིད་ཇུས་དོན་འཁྱོལ་ཇི་ལྟར་བྱས་ནས་དབུལ་སྒྲོལ་བརྟན་པོ་ཡོང་བ་བྱ་རྒྱུ་ནི་སྔར་བཞིན་འཕྲད་པའི་དཀའ་གནད་ཅིག་རེད། ས་གནས་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་གཙོ་གནད་དམ་འཛིན་དང་། ཞན་ཆ་གསབ་པ། ཉམས་ཞན་སྟོབས་ཆེར་གཏོང་བ་བཅས་མངོན་གསལ་དོད་པོ་ཡོང་བ་བྱེད་པ་དང་། དབུལ་སྒྲོལ་འགག་སྒྲོལ་དང་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བ་དང་ཕན་ཚུན་སྐུལ་འདེད་དང་ཕན་ཚུན་ཡར་རྒྱས་དང་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་བ། ཐོན་ལས་དབུལ་སྐྱོར་དང་། ལས་རིགས་དབུལ་སྐྱོར། འཛད་སྤྱོད་དབུལ་སྐྱོར། ཁ་གཏད་རོགས་སྐྱོར་བཅས་མུ་མཐུད་གཏིང་ཟབ་ཏུ་གཏོང་བ། ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་རྗེས་མཐུད་རོགས་སྐྱོར་ཏན་ཏིག་བྱེད་པ། བལྟོས་བཅས་ཀྱི་དབུལ་པོ་ཐག་གཅོད་བྱེད་པའི་ཕུགས་ཕན་ལམ་སྲོལ་འཛུགས་པ་སོགས་ཐད་ཀྱི་སྲིད་ཇུས་དང་བྱེད་ཐབས་ལ་དམ་འཛིན་གྱིས་ཇུས་འགོད་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་མཐོ་རུ་ཏན་ཏིག་གཏོང་དགོས། 

ཞིང་ཆེན་སྲིད་གཞུང་གིས་ཞིབ་འཇུག་དང་གཏན་འབེབས་བྱས་པའི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པའི་དམིགས་ཚད་མ་ལག་ལ་ཞིབ་འཇུག་དང་སྟངས་འཛིན་གཏིང་ཟབ་བྱས་ཏེ་ལས་ཀའི་ཞན་ཆ་གང་མགྱོགས་གསབ་ནས་སྔོན་དཔག་དམིགས་ཚད་ཁག་ཕྱོགས་ཡོངས་ནས་མངོན་འགྱུར་ཡོང་བའི་འགན་ལེན་བྱེད་པ་དང་རྨ་ལྷོ་ཁུལ་ཡིས་མཚོ་སྔོན་ལྷོ་རྒྱུད་ས་ཁུལ་དུ་སྔོན་ལ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པའི་བརྩོན་ལེན་བྱེད་དགོས། གསུམ་ནས་རྣམ་གྲངས་ཇུས་འགོད་ཐད་སྔོན་ལ་ལག་བསྟར་བྱེད་དགོས། ས་གནས་ཁག་དང་སྡེ་ཚན་ཁག་གིས་རྒྱལ་ཁབ་དང་ཞིང་ཆེན་གྱི་སྲིད་ཇུས་གཏོང་ཕྱོགས་ལ་ཞིབ་འཇུག་དང་གོ་བ་གཏིང་ཟབ་ལེན་པ་དང་། རྣམ་གྲངས་ཀྱི་དུས་འགོའི་འདུ་ཤེས་ཟབ་ཏུ་ཏན་ཏིག་གཏོང་བ། “ལོ་ལྔ་ཚན་བཅུ་བཞི་པའི་”འཆར་འགོད་བཟོ་སྒྲིག་དང་ཟུང་འབྲེལ་བྱེད་པ། མ་འཇོག་གི་གཙོ་གནད་ལས་རིགས་དང་ཁྱབ་ཁོངས་ལ་དམ་པོར་དམིགས་པ། འགོ་འཛུགས་ས་མཐོ་བ་དང་། གཞི་ཁྱོན་ཆེ་བ། སྐུལ་ཁྲིད་ཀྱི་ནུས་པ་མངོན་གསལ་དོད་པ་བཅས་ཀྱི་རྣམ་གྲངས་གལ་ཆེན་ཁག་གཅིག་བློ་ཁོག་ཆེན་པོས་ཇུས་འགོད་བཅས་བྱས་ཏེ་ལས་གྲྭ་གལ་ཆེན་དང་གཙོ་གནད་རྣམ་གྲངས་དེ་བས་མང་བ་ཞིང་ཆེན་དང་རྒྱལ་ཁབ་ཀྱི་འཆར་འགོད་སྡེར་མའི་ནང་འཇུག་རྒྱུའི་བརྩོན་ལེན་བྱེད་དགོས། དགུན་དུས་ཀྱི་དུས་ཚོད་སྤྱད་དེ་རྣམ་གྲངས་ཀྱི་དུས་འགོའི་ལས་དོན་ཏན་ཏིག་ངང་ཡག་པོ་བསྒྲུབས་ནས་སང་ལོར་དུས་ཐོག་ཏུ་ལས་འགོ་འཛུགས་རྒྱུར་རྨང་གཞི་བརྟན་པོ་ཞིག་བཏིང་སྟེ་སང་ལོར“འགོ་ཡག་པོ་འཛུགས་རྒྱུའི”འགན་ལེན་བྱེད་དགོས། བཞི་ནས་ཐོན་ལས་མཐོ་རུ་གཏོང་རྒྱུའི་ཐད་སྔོན་ལ་གོམ་པ་སྤོ་དགོས། སྣོད་བཅུད་སྐྱེ་ལྡན་འབྲོག་ལས་དང་། རིག་གནས་ཡུལ་སྐོར་ལས་རིགས། ལྗང་མདོག་བཟོ་ལས་བཅས་ནི་རྨ་ལྷོ་ཁུལ་ཁུལ་ཡིས་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་བ་དང་ཐོན་ལས་སྟོབས་ཆེའི་ཁུལ་ཡི་ཀ་རྟེན་རྣམ་པའི་ཐོན་ལས་ཆེན་པོ་གསུམ་ཡིན་མོད། འོན་ཀྱང་མིག་སྔར་སྔར་བཞིན་འགོ་འཛུགས་དུས་མཚམས་སུ་གནས་ཡོད་པས“ཀ་རྟེན་”གྱི་ནུས་པ་མངོན་གསལ་དོད་པོ་ཐོན་མེད། ས་གནས་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་ཞིབ་འཇུག་དང་ཇུས་འགོད་ནན་ཏན་བྱས་ཏེ་གོང་རིམ་གྱི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་བྱེད་པའི་ཁྲོད་གཞི་འཛིན་ས་འཚོལ་བ་དང་། སྲིད་ཇུས་ཀྱི་གོ་སྐབས་ཞིབ་འཇུག་བྱེད་པའི་ཁྲོད་ཚད་བརྒལ་འཚོལ་བ། ཁུལ་ཡི་གནས་ཚུལ་ཤེས་རྟོགས་གཏིང་ཟབ་བྱེད་པའི་ཁྲོད་ཐབས་ལམ་འཚོལ་བ་བཅས་བྱས་ཏེ་ལག་ལེན་དུ་འཁྱོལ་ཐུབ་ངེས་ཀྱི་བསམ་ཕྱོགས་དང་བྱེད་ཐབས་བཏོན་ནས་ཁུལ་དེ་ཡོངས་ཀྱི་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་ལ་ཚད་བརྒལ་རང་བཞིན་གྱི་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་བཏང་སྟེ་ཞིང་ཆེན་དེ་ཡོངས་སུ་མིག་དཔེ་གཏོད་དགོས། ལྔ་ནས་སྣོད་བཅུད་འཛུགས་སྐྱོང་ཐད་སྔོན་ལ་བསྐྱོད་དགོས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱ་རྒྱུ་ནི་རྨ་ལྷོ་ཁུལ་གྱི་གཞི་རྩ་ཡིན་པས་ངེས་པར་དུ་གཡོ་འགུལ་སྤུ་ཙམ་ཡང་མེད་པའི་སྒོ་ནས་དམ་འཛིན་ཡག་པོ་བྱ་དགོས། ས་གནས་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་ཀྲུང་དབྱང་གིས་རྨ་ཆུ་རྒྱུག་ཁུལ་གྱི་སྣོད་བཅུད་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་སྤྱི་གླིང་གི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་སོགས་འཐབ་ཇུས་ཀྱི་གོ་སྐབས་གལ་ཆེན་སྟངས་འཛིན་ནན་པོ་བྱས་ཏེ་རྨ་ཆུའི་སྟོད་རྒྱུད་ཀྱི་རི་ཆུ་ནགས་ཞིང་མཚེའུ་རྩྭ་བཅས་ཉམས་གསོའི་ལས་གྲྭའི་རྣམ་གྲངས་ལག་བསྟར་བྱ་རྒྱུར་དམ་འཛིན་ཡག་པོ་བྱེད་པ་དང་དུས་མཚུངས་གཙོ་གནད་རྒྱུག་ཁུལ་གྱི་སྣོད་བཅུད་ཕྱོགས་བསྡུས་བཅོས་སྐྱོང་དང་། རྒྱལ་ཁབ་ས་ཆ་སྔོ་འགྱུར། རྩྭ་ཐང་སྲུང་སྐྱོང་། སྐྱེ་དངོས་སྣ་མང་རང་བཞིན་སླར་གསོ་སོགས་རྣམ་གྲངས་ཆེན་པོ་དང་རྣམ་གྲངས་ཡག་པོ་ཁག་གཅིག་ཞིབ་འཇུག་དང་འཆར་འགོད་བྱས་ནས་རི་ཆུ་རྨ་ཆུ་ལྷོ་རྒྱུད་འཛུགས་སྐྲུན་ལ་འདེགས་སྐྱོར་བྱེད་དགོས་པའི་ནན་བཤད་གནང་བ་རེད། དྲུག་ནས་སྒོ་དབྱེའི་ཐད་སྔོན་ལ་གོམ་པ་གཅིག་སྤོ་དགོས། “རྒྱུད་གཅིག་ལམ་གཅིག་”གི་རྒྱལ་ཁབ་ཀྱི་འཐབ་ཇུས་དང་ཞིང་ཆེན་ཡོངས་ཀྱི་ཕྱི་ཕྱོགས་སྒོ་འབྱེད་ཀྱི་གནས་སྟངས་ནང་འདྲེས་པར་ལེགས་སྒྲིག་གསར་པ་དང་འགྱུར་ལྡོག་གསར་པ་ཡོང་བར་དམིགས་ནས། ཕྱི་ནང་གཉིས་ཀར་སྒོ་འབྱེད་པའི་ཆུ་ཚད་སྔར་བས་མཐོ་རུ་གཏོང་རྒྱུ་ནི་འཕེལ་རྒྱས་ཀྱི་གསོན་ཤུགས་སྐུལ་སློང་བྱེད་པའི་འགག་རྩའི་བྱེད་ཐབས་ཤིག་ཡིན། ས་གནས་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་རྨ་ལྷོ་ཁུལ་ཡི་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་བའི་བསམ་ཕྱོགས་དང་བྱེད་ཐབས་ཇུས་འགོད་གཏིང་ཟབ་བྱས་ཏེ་རྨ་ལྷོ་ཁུལ་འདི་ཉིད་མཚོ་སྔོན་ཞིང་ཆེན་གྱི་ལྷོ་ནུབ་ཆེན་པོ་དང་སྦྲེལ་མཐུད་བྱེད་པའི་འཐབ་ཇུས“ཟམ་ཁའི་འགག་གནད”དང་མཚོ་སྔོན་དང་། ཀན་སུའུ། སི་ཁྲོན་བཅས་ཞིང་ཆེན་གསུམ་གྱི་འབྲེལ་མཚམས་ས་ཁུལ་གྱི་ལྟེ་བའི་ལྟེ་གནས་སུ་དངོས་སུ་བསྐྲུན་ནས་རྨ་ལྷོ་འཕེལ་རྒྱས་ལ་སྒུལ་ནུས་གསར་པ་དང་གསོན་ཤུགས་གསར་པ་རྒྱུན་ཆད་མེད་པར་སྣོན་དགོས།

ཚོགས་འདུའི་ཐོག་ད་དུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུ། ཞིང་ཆེན་ཨུ་ལྷན་གྱི་ཏང་ཙུའི་ཚོགས་འདུ། ཞིང་ཆེན་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ། ཁྲེན་ཤིས་བཅས་ཀྱིས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པའི“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་བཞུགས་མོལ་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་དང་། ཧྲུའུ་ཅི་ཝང་ཅན་ཅུན་གྱིས་མཚོ་ཤར་གྲོང་ཁྱེར་གྱི་2019ལོའི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་གི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་བྱས་ཚུལ་ལ་དཔྱད་ཞིབ་བྱེད་སྐབས་གནང་བའི་གསུང་བཤད། ཞིང་ཆེན་གྱི་ཧྲེང་དཔོན་ལིའུ་ཉིང་གིས་ཞིང་ཆེན་བདེ་འཇགས་ཨུ་ལྷན་གྱི་ཚང་འཛོམས་གྲོས་ཚོགས་དང་འདི་ལོའི་དགུན་ཁ་དང་དུས་སང་དཔྱིད་ཀའི་བདེ་འཇགས་ཐོན་སྐྱེད་གཅིག་སྡུད་བཅོས་སྒྲིག་ལས་དོན་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་ཀྱི་དགོངས་དོན། ཚོགས་ཞུགས་མི་སྣས་རང་སྦྱོང་ནན་ཏན་བྱས་ཏེ་ཟིན་བྲིས་ཡག་པོ་རྒྱག་པ་དང་། ཁོང་དུ་ཆུད་པ། བསྡུ་ལེན་བཅས་བྱས་ཏེ་ལས་དོན་ཞིབ་ཕྲ་གང་མགྱོགས་གཞན་སྒྱུར་དང་། བེད་སྤྱོད། དོན་འཁྱོལ་བཅས་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

ཁུལ་སྲིད་གཞུང་གི་ཏང་ཙུའི་ཁོངས་མི་ཁག་ཚོགས་འདུར་ཞུགས་པ་དང་ཁུལ་སྲིད་གཞུང་གི་དྲུང་ཆེ་གཞོན་པ་དང་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ་དང་དེ་བཞིན་ཁུལ་སྲིད་གཞུང་གི་སྡེ་ཚན་ཁག་གི་འགན་འཁུར་བློ་མཐུན་གཙོ་བོ་ཚོགས་འདུར་ཟུར་ཞུགས་གནང་བ་རེད།

ལོ་ཙཱ་བ། ལྷ་ཆེན་རྒྱལ།