ཝང་ཅན་ཅུན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ན་གོར་མོ་གྲོང་ཁྱེར་དུ་རྟོག་ཞིབ་གནང་བ།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན། ཉེ་སྔོན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཝང་ཅན་ཅུན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ན་གོར་མོ་གྲོང་ཁྱེར་དུ་རྟོག་ཞིབ་གནང་བར་ཕེབས་པ་རེད། ཁོས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ། དེ་བཞིན་ཀྲུང་དབྱང་གི་དཔལ་འབྱོར་བྱ་བའི་ཚོགས་འདུ། ཀྲུང་དབྱང་གི་གྲོང་གསེབ་བྱ་བའི་ཚོགས་འདུའི་དགོངས་དོན་བཅས་ལག་བསྟར་གཏིང་ཟབ་དང་། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པའི་དགོངས་དོན་དོན་འཁྱོལ་ནན་ཏན་བྱེད་པ། “ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་འཆང་བའི”བརྗོད་དོན་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏང་བ། བློ་བརྟན་འགྱུར་མེད་ངང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ། གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་སྒོས་དབུལ་ཐར་འགག་སྒྲོལ་གྱི་ཞན་ཆ་གང་མགྱོགས་གསབ་པ། ལོ་གསར་པར་གོམ་ཁ་ཡག་པོ་སྤོ་བ་དང་འགོ་ཡག་པོ་འཛུགས་ཐུབ་པ་བཅས་བྱས་ནས་ལོ་གསར་པའི་ལས་སྒོ་ཡག་ལེགས་པོར་དབྱེ་ཞེས་ནན་གྱིས་བཤད།

ན་གོར་མོ་རྨ་ཆུའི་ལམ་གྱི་ཁྲོམ་གཞུང་རྡོ་སྣུམ་སྡེ་ཁུལ་དང་འབྲི་ཆུའི་ཆུ་འགོའི་གྲོང་ཚོ་ནས། ཝང་ཅན་ཅུན་གྱིས་སྡེ་ཁུལ་དང་གྲོང་གསེབ་ཀྱི“ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་འཆང་བའི”བརྗོད་དོན་སློབ་གསོའི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། ཁོས་བསྟན་དོན། བརྗོད་དོན་གཙོ་བོའི་སློབ་གསོ་རྒྱུན་མཐུད་གཏིང་ཟབ་ཏུ་གཏང་བར་ཏང་ཡོན་ལ་སློབ་གསོ་བྱེད་དགོས་པ་ཟད། མང་ཚོགས་ལའང་སློབ་གསོ་བཏང་ནས་ཏང་ཡོན་དང་མང་ཚོགས་ལ་བརྗོད་དོན་སློབ་གསོའི་ཕན་འབྲས་ཤན་འབྱེད་བྱེད་དུ་འཇུག་པ་དང་། བརྗོད་དོན་སློབ་གསོ་རྒྱུན་རྣམ་ཅན་དང་། ཕུགས་ཕན་ཅན། ལམ་ལུགས་ཅན་བཅས་སུ་འགྱུར་རྒྱུར་སྐུལ་འདེད་བཏང་སྟེ། གཞི་རིམ་ཏང་རྩ་འཛུགས་ཀྱི་ཆབ་སྲིད་འགོ་ཁྲིད་ནུས་པ་དང་། བསམ་བློའི་སྣེ་ཁྲིད་ནུས་པ། མང་ཚོགས་རྩ་འཛུགས་ནུས་པ། སྤྱི་ཚོགས་འབོད་སྐུལ་ནུས་པ་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏང་དགོས་ལ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞི་རིམ་བཅོས་སྐྱོང་ནུས་པ་དང་བཅོས་སྐྱོང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏང་བ་བཅས་བྱས་ནས། མི་རིགས་ཁག་གི་མང་ཚོགས་ཀྱི་བློ་ཁ་ཚིམ་པར་བྱས་ནས་འཚོ་བའི་བདེ་སྐྱིད་དང་ཁོར་ཡུག་གི་བདེ་འཇགས་ཚོར་དུ་འཇུག་དགོས་ཟེར།

ན་གོར་མོ་གྲོང་ཁྱེར་གྱི་ཁུལ་གསར་འཛུགས་སྐྲུན་དང་གྲོང་ཁུལ་རྙིང་པ་སྒྱུར་བཀོད་ཀྱི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་ལ་ཉན་རྗེས་ཝང་ཅན་ཅུན་བསྟན་དོན། གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པའི་འཛུགས་སྐྲུན“སྔོན་འགྲོ་གཅིག་དང་མཐོ་བ་གཉིས”ལ་སྐུལ་འདེད་གཏང་བའི་བྱ་གཞི་གལ་ཆེན་ཞིག་ཏུ་བརྩིས་ནས། གྲོང་ཁུལ་རྙིང་པར་ལོ་རྒྱུས་ཀྱི་མྱོང་ཚོར་ཟབ་མོ་མངོན་པ་དང་གྲོང་ཁུལ་གསར་པར་གཞི་ཚུགས་ཏེ་དེང་རབས་ཅན་གྱི་ཉམས་འགྱུར་མངོན་ནས་ལས་འཚམ་སྡོད་མལ་གྱི་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་གཏོད་དགོས་ལ། ས་བབ་ཀྱི་ལེགས་ཆ་འདོན་སྤེལ་དང་། འགྲིམ་འགྲུལ་དྲ་རྒྱ་འཐུས་ཚང་དུ་གཏང་བ། གྲོང་ཁྱེར་གྱི་གསོན་ཤུགས་ཀྱི་གཞི་རྟེན་འཕྱུགས་མེད་འཚོལ་བ། ཁོར་ཡུག་སྐྲུན་པ་དང་། ཚོང་ལས་ཀྱི་གོ་སྐབས་འཚོལ་བ། མི་ཤུགས་གཅིག་ཏུ་སྒྲིལ་བ། ཐོན་ལས་ཀྱི་ངེས་གནས་ཁ་གསལ་བཟོ་བ། ཐོན་ལས་སྤོ་སྒྱུར་དང་ལེན་བྱེད་པ། སྤུས་ཚད་མཐོ་བ་དང་རྒྱུན་མཐུད་ཆོག་པའི་སྒོ་དབྱེ་རྣམ་པའི་དཔལ་འབྱོར་འཕེལ་རྒྱས་གཏང་བ་བཅས་བྱས་ནས་ས་ཞིང་ལ་ཕན་འབྲས་དེ་བས་ཆེ་བ་ཐོན་དགོས་ཟེར།

རྟོག་ཞིབ་གནང་སྐབས། ཝང་ཅན་ཅུན་ད་དུང་ན་གོར་མོ་ཧོ་ཏུང་ཚོང་འདུས་ཁྲོམ་རར་སོང་ནས་ཤིང་འབྲས་དང་། སྔོ་ཚལ། ཤ་རིགས་སོགས་ཁྲོམ་རའི་མཁོ་སྤྲོད་གནས་ཚུལ་ལ་བལྟས་རྗེས་ནན་གྱིས་བསྟན་དོན། ཚད་འདང་ངེས་དང་། རིན་གོང་བརྟན་པོ། སྤུས་ལེགས། བདེ་འཇགས་བཅས་ལ་དམིགས་ཏེ་ཁྲོམ་རའི་སྙོམས་སྒྲིག་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས་ལ། སྲིད་གཞུང་གི་རིན་གོང་སྙོམས་སྒྲིག་ཐེབས་རྩའི་ནུས་པ་འདོན་སྤེལ་གང་ལེགས་ཀྱང་བྱས་ཏེ། མཁོ་སྤྲོད་འགན་ལེན་དང་རིན་གོང་བརྟན་པོ་ཡོང་བའི་བྱ་བ་ཁག་ཡག་པོ་བསྒྲུབས་ནས་བཟའ་བཅའི་སྤུས་ཚད་བདེ་འཇགས་དང་། ཚོང་ཟོག་གི་རིན་གོང་བརྟན་པོ། ཁྲོམ་རའི་མཁོ་སྤྲོད་འདང་ངེས་བཅས་ཡོང་བའི་འགན་ལེན་བྱས་ཏེ། གྲོང་མི་ཚོར་བཟའ་རྒྱུ་ཡོད་པ་དང་། ཟས་མངར་མོ། ཟས་བདེ་འཇགས་བཅས་ཡོང་བ་བྱ་དགོས་ཟེར།

ལོ་ཙཱ་བ། ལྷ་ཆེན་རྒྱལ།