ཞི་ཅིན་ཕིང་ནས་སྨོ་ཏི་དང་མུ་མཐུད་དུ་མཇལ་མོལ་གནང་བ།

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་12ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཅིན་ནའེ་རུ་རྒྱ་གར་གྱི་ཙུང་ལི་སྨོ་ཏི་དང་མུ་མཐུད་དེ་མཇལ་མོལ་གནང་བ་དང་། རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་མི་སྣས་མཛའ་གྲོགས་དང་བློ་སྒོ་ཡངས་པའི་སྒོ་ནས་ཀྲུང་གོ་དང་རྒྱ་གར་ནས་ཐུན་མོང་ཐོག་དོ་ཁུར་བྱེད་པའི་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་གཙོ་གྲས་ཐད་དགོངས་འཆར་བརྗེ་རེས་གཏིང་ཟབ་གནང་ཡོད།

ཞི་ཅིན་ཕིང་གིས། ན་ནིང་ང་རང་དང་ཙུང་ལི་སྐུ་ཞབས་ནས་ཝུའུ་ཧན་དུ་ལེགས་གྲུབ་ལྡན་པའི་མཇལ་མོལ་གནང་ཚུན། ཀྲུང་གོ་དང་རྒྱ་གར་གྱི་འབྲེལ་བ་སྐྱོན་བྲལ་བརྟན་ལྷིང་གི་གོང་འཕེལ་དུས་མཚམས་གསར་པ་ཞིག་ཏུ་སླེབས་ཡོད་པ་དང་། མཇལ་མོལ་གྱི་དགེ་མཚན་ལྡན་པའི་གྲུབ་འབྲས་ཀྱང་ཕྱོགས་ཁག་གི་ཐད་ནས་རིམ་བཞིན་མངོན་བཞིན་ཡོད། ཀྲུང་གོ་དང་རྒྱ་གར་ནི་ཁྱིམ་མཚེས་རྒྱལ་ཁབ་གལ་ཆེན་དང་། མི་དམངས་དུང་ཕྱུར་བཅུ་ལས་བརྒལ་བའི་རྒྱལ་ཁབ་ཆེན་པོ་གཉིས་པོ་དེ་ཡིན། ཀྲུང་གོ་དང་རྒྱ་གར་གྱི་འབྲེལ་བ་སྲུང་སྐྱོབ་ཡག་པོ་དང་གོང་འཕེལ་ཡག་པོ་གཏོང་རྒྱུ་དེ་ནི་ཀྲུང་གོའི་འགྱུར་མེད་ཀྱི་སྲིད་ཇུས་ཤིག་ཡིན། མིག་སྔའི་རྒྱལ་སྤྱིའི་གནས་བབ་འོག ཀྲུང་གོ་དང་རྒྱ་གར་གྱིས་གོ་ལའི་བརྟན་ལྷིང་ལ་སྲུང་སྐྱོབ་དང་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་ཐད། འགན་འཁྲི་དེ་བས་ཆེ་བ་འཁུར་བཞིན་ཡོད། འབྱུང་འགྱུར་གྱི་ལོ་ཁ་ཤས་ནི་ཀྲུང་གོ་དང་རྒྱ་གར་རྒྱལ་ཁབ་གཉིས་པོའི་མི་རིགས་བསྐྱར་དར་གྱི་ལམ་བུ་མངོན་འགྱུར་བྱེད་པའི་འགག་རྩའི་དུས་མཚམས་ཤིག་ཡིན་ལ། ཀྲུང་གོ་དང་རྒྱ་གར་གྱི་འབྲེལ་བ་གོང་འཕེལ་གཏོང་བའི་འགག་རྩའི་དུས་མཚམས་ཤིག་ཀྱང་ཡིན། ང་ཚོས་ཀྲུང་གོ་དང་རྒྱ་གར་གྱི་འབྲེལ་བ་གཏན་འཁེལ་གྱིས་འཐབ་ཇུས་ཀྱི་མཐོ་ཚད་དང་རྒྱང་རིང་གི་མིག་རྒྱང་ཐོག་ནས་ཀྲུང་གོ་དང་རྒྱ་གར་གྱི་འབྲེལ་བའི་ལོ་བརྒྱའི་ཇུས་ཆེན་འཆར་འགོད་བྱས་ནས་ཀྲུང་གོ་དང་རྒྱ་གར་གྱི་འབྲེལ་བ་གོང་འཕེལ་འགྲོ་རྒྱུར་ནང་སྐྱེས་འགུལ་ཤུགས་གསར་སྣོན་གྱིས་ལག་གདང་སྦྲེལ་ནས་རྒྱལ་ཁབ་གཉིས་པོའི་ཤེས་དཔལ་བསྐྱར་དར་མངོན་འགྱུར་ཡོང་བ་བྱེད་དགོས་ཞེས་གསུངས་པ་རེད།

དེའི་ཐད་ཞི་ཅིན་ཕིང་ནས་གྲོས་འགོ་འགའ་ཞིག་བཏོན་གནང་བ་སྟེ།

དེང་ཡང་དང་པོ། ཕ་རོལ་གྱི་གོང་འཕེལ་ལ་ཡང་དག་པའི་བལྟ་སྟངས་འཛིན་པ་དང་འཐབ་ཇུས་ཐད་ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཆེ་རུ་གཏོང་དགོས། ཕྱོགས་གང་ཞིག་ནས་བལྟས་ཀྱང་། ཀྲུང་གོ་དང་རྒྱ་གར་གཉིས་པོ་ནི་འཆམ་མཐུན་མཉམ་གནས་ཀྱི་ཁྱིམ་མཚེས་བཟང་པོ་དང་ལག་གདང་སྦྲེལ་ནས་མདུན་སྐྱོད་བྱེད་མཁན་གྱི་རོགས་ཟླ་ཡག་པོ་ཞིག་ཡིན་དགོས། འབྲུག་དང་གླང་ཆེན་མཉམ་འཁྲབ་བྱེད་པ་དེ་ནི་ཀྲུང་གོ་དང་རྒྱ་གར་གྱི་ཡང་དག་པའི་ཁ་ཕྱོགས་ཡིན་ལ། རྒྱལ་ཁབ་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་ཡང་མཐུན་ཡོད། རྒྱལ་ཁབ་གཉིས་པོས་ཁྱིམ་མཚེས་རྒྱལ་ཁབ་ཆེན་པོ་གཉིས་ཀྱི་མཛའ་གྲོགས་མཉམ་ལས་བྱེད་པའི་གུ་ཡངས་ལམ་ཆེན་ཐོག་ཏུ་སྐྱོད་དགོས། རྒྱལ་ཁབ་གཉིས་པོའི་བར་གྱི་འགལ་ཟླར་བལྟ་སྟངས་ཡང་དག་འཛིན་དགོས་པ་ལས་འགལ་ཟླ་དེས་རྒྱལ་ཁབ་གཉིས་པོའི་མཉམ་ལས་ཀྱི་སྤྱིའི་གནས་བབ་ལ་ཤུགས་རྐྱེན་ཐེབས་སུ་འཇུག་མི་རུང་། དུས་མཚུངས་གྲོས་མོལ་དང་བསམ་ཤེས་བྱས་ནས་འགལ་ཟླ་སེལ་གང་ཐུབ་བྱེད་དགོས། ཀྲུང་གོས་རང་ཉིད་གོང་འཕེལ་ཡག་པོ་ཡོང་རྒྱུའི་རེ་བ་བཅངས་བཞིན་ཡོད་ལ། རྒྱ་གར་ཡང་གོང་འཕེལ་ཡག་པོ་ཡོང་རྒྱུའི་རེ་བ་བྱེད་ཀྱི་ཡོད། ཀྲུང་གོ་དང་རྒྱ་གར་གཉིས་པོས་ཕན་ཚུན་རོགས་རམ་གང་དྲགས་བྱེད་དགོས།

གཉིས་པ། དུས་ཐོག་ཏུ་འཐབ་ཇུས་སྤེལ་རེས་བྱས་ནས་ཕན་ཚུན་ཤེས་རྟོགས་དང་མཉམ་ལས་བྱ་རྒྱུ་ཟབ་ཏུ་གཏོང་དགོས་པ་དང་། རྒྱལ་ཁབ་གཉིས་པོའི་གོང་འཕེལ་གྱི་ཁ་ཕྱོགས་ཆེན་མོར་དམ་འཛིན་ཡག་པོ་བྱེད་དགོས། མཛའ་གྲོགས་དང་མཉམ་ལས་ཐོག་ཏུ་གཅིག་སྡུད་དང་། དོགས་པ་དང་སེམས་ཁྲལ་སེལ་ནས་འགལ་ཟླ་དང་ཚོར་སྐྱེན་གནད་དོན་ཐག་གཅོད་འོས་མཚམས་བྱེད་དགོས། ཆབ་སྲིད་ཀྱིས་རྩ་དོན་ལ་མཛུབ་ཁྲིད་བྱེད་པའི་གྲོས་ཆོད་ལྟར། གཞུང་དྲང་ལུགས་མཐུན་དང་ཕྱོགས་གཉིས་པོས་དང་ལེན་བྱེད་པའི་གནད་དོན་ཐག་གཅོད་ཇུས་གཞི་འཚོལ་དགོས། དེ་བས་གཟབ་ནན་ངང་ཕྱོགས་གཉིས་པོའི་ལྟེ་བའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་གནད་དོན་ཐག་གཅོད་བྱེད་དགོས། སྐབས་ཤིག་རིང་ཐག་གཅོད་བྱ་ཐབས་བྲལ་བའི་གནད་དོན་ལ་ལྟ་སྡོམ་ཡག་པོ་བྱེད་དགོས་པ།

གསུམ་པ། དམག་དོན་དང་། བདེ་འཇགས། སྤེལ་རེས། མཉམ་ལས་བཅས་ཀྱི་ཆུ་ཚད་ཏན་ཏིག་ངང་མཐོ་རུ་གཏོང་དགོས། དམག་གཉིས་པོའི་འབྲེལ་བ་ཡིད་ཆེས་མང་བ་དང་དོགས་པ་ཉུང་བ། མཛའ་གྲོགས་མཉམ་ལས་བཅས་ཀྱི་ཡང་དག་པའི་ཁ་ཕྱོགས་སུ་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་པ་དང་། ཆེད་ལས་མཉམ་ལས་དང་མཉམ་སྦྲེལ་ནང་སྦྱོང་སོགས་ཀྱི་བྱེད་སྒོ་ཡག་པོ་གཉེར་ཏེ་དམག་གཉིས་པོའི་བར་ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཟབ་ཏུ་གཏོང་དགོས་པ་དང་། ཁྲིམས་འཛིན་བདེ་འཇགས་ཚན་པའི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་ས་ཁུལ་གྱི་བདེ་འཇགས་བརྟན་ལྷིང་ལ་སྲུང་སྐྱོབ་བྱེད་དགོས་པ།

བཞི་པ། དངོས་སྒྲུབ་མཉམ་ལས་ཟབ་ཏུ་བཏང་ནས་ཁེ་ཕན་གྱི་འབྲེལ་ཐག་དམ་པོ་བཅིངས་དགོས། མཐོ་རིམ་དཔལ་འབྱོར་ཉོ་ཚོང་གི་གླེང་མོལ་སྒྲིག་གཞི་འཛུགས་རྒྱུ་གོ་སྐབས་སུ་བཟུང་ནས་རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་གོང་འཕེལ་གྱི་འཐབ་ཇུས་སྦྲེལ་མཐུད་ལ་ཤུགས་སྣོན་དང་། བཟོ་སྐྲུན་ལས་རིགས་ཀྱི་རོགས་ཟླའི་འབྲེལ་བ་འཛུགས་རྒྱུར་འཚོལ་ཞིབ་བྱེད་དགོས། རྒྱ་གར་གྱི་སྨན་རྫས་དང་ཆ་འཕྲིན་ལག་རྩལ་ཁེ་ལས་ཀྱིས་ཀྲུང་གོར་མ་འཇོག་བྱ་རྒྱུར་དགའ་བསུ་ཞུ་རྒྱུ།

ལྔ་པ། མི་ཆོས་རིག་གནས་སྤེལ་རེས་ཟབ་ཏུ་བཏང་ནས་མཛའ་གྲོགས་རྨང་གཞི་བརྟན་དུ་གཏོང་དགོས། ང་ཚོས་སང་ལོ་རྒྱལ་ཁབ་གཉིས་པོའི་བར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོ་ཡག་པོ་གཉེར་རྒྱུ་དང་། ཀྲུང་གོ་དང་རྒྱ་གར་གྱི་མི་ཆོས་རིག་གནས་སྤེལ་རེས་ལོའི་བྱེད་སྒོ་ཡག་པོ་གཉེར་དགོས། ཀྲུང་གོའི་ཧྥུ་ཅན་ཞིང་ཆེན་དང་ཐེ་སྨིར་རྣ་ཏི་མངའ་སྡེ་དང་། ཆོན་ཀྲོའུ་གྲོང་ཁྱེར་དང་ཅིན་ནའེ་གྲོང་ཁྱེར་བར་མཛའ་གྲོགས་ཞིང་ཆེན་དང་གྲོང་ཁྱེར་གྱི་འབྲེལ་བ་བཙུགས་ནས་མཚོ་ཐོག་དར་གོས་ལམ་བུའི་ལེའུ་གསར་པ་རྩོམ་རྒྱུར་རྒྱབ་སྐྱོར་བྱེད་དགོས་པ།

དྲུག་པ། རྒྱལ་སྤྱི་དང་ས་ཁུལ་གྱི་བྱ་དོན་ཁྲོད་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་དགོས། དར་ཆ་གསལ་སྒྲེང་གིས་མཉམ་འབྲེལ་རྒྱལ་ཚོགས་ནས་ལྟེ་བ་བྱས་པའི་རྒྱལ་སྤྱིའི་མ་ལག་དང་རྒྱལ་སྤྱིའི་བཅའ་ཁྲིམས་ཀྱིས་རྨང་གཞི་བྱས་པའི་རྒྱལ་སྤྱིའི་སྒྲིག་སྲོལ་ལ་སྲུང་སྐྱོབ་བྱེད་དགོས་པ་དང་། ཕྱོགས་མང་རིང་ལུགས་དང་འཛམ་གླིང་ཉོ་ཚོང་སྒྲིག་འཛུགས་ཀྱིས་ལྟེ་བ་བྱས་པའི་ཕྱོགས་མང་ཉོ་ཚོང་སྒྲིག་གཞིར་སྲུང་སྐྱོབ་མཐའ་གཅིག་ཏུ་བྱས་ནས་གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ལུགས་མཐུན་གོང་འཕེལ་ཁེ་དབང་ལ་འགན་ལེན་བྱེད་དགོས། རྒྱལ་ཁབ་ཉི་ཤུ་ཚོགས་པ་དང་། འབོ་གསེར་རྒྱལ་ཁབ། ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས། ཀྲུང་གོ་དང་ཨུ་རུ་སུ། རྒྱ་གར་སོགས་ཕྱོགས་མང་སྒྲིག་གཞིའི་ནང་ཁོངས་ཀྱི་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་དགོས། ཀྲུང་གོ་དང་རྒྱ་གར་སྣོན་ཞེས་པའི་མཉམ་ལས་དེ་ཨ་ཤེ་ཡ་ལྷོ་མ་དང་། ཨ་ཤེ་ཡ་ཤར་ལྷོ། ཨ་ཧྥེ་རི་ཁ་གླིང་བཅས་སུ་རྒྱ་སྐྱེད་དུ་གཏོང་རྒྱུར་འཚོལ་ཞིབ་བྱེད་དགོས་པ་དང་། ཤར་གཏོང་ཐུབ་པའི་ས་ཁུལ་གྱི་མཉམ་སྦྲེལ་མཉམ་མཐུད་དྲ་བ་གཏོད་དེ་ཁྱབ་ཁོངས་དཔལ་འབྱོར་རོགས་ཟླའི་འབྲེལ་བའི་གྲོས་ཆོད་གང་མགྱོགས་ཆགས་པ་བྱེད་དགོས་པ་བཅས་ཡིན་པ་རེད།

སྨོ་ཏིས། རྒྱ་གར་དང་ཀྲུང་གོ་ནི་ཤེས་དཔལ་གྱི་གནའ་བོའི་རྒྱལ་ཁབ་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཆེན་པོ་གཉིས་ཡིན་པའི་ངོས་ནས། མིག་སྔར་གཏན་འཁེལ་མེད་པའི་རྒྱལ་སྤྱིའི་དུས་བབ་འོག འབྲེལ་གཏུག་དང་མཐུན་སྦྱོར། མཉམ་ལས་བཅས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། འབྲེལ་བ་བརྟན་པོའི་སྒོ་ནས་གོང་འཕེལ་འགྲོ་རྒྱུ་རྒྱུན་འཁྱོངས་ཐུབ་ཚེ་རྒྱལ་ཁབ་གཉིས་པོ་དང་འཛམ་གླིང་ལ་དགེ་མཚན་དང་དོན་སྙིང་གལ་ཆེན་ལྡན་ཡོད། ང་ཚོས་ཕན་ཚུན་དོ་ཁུར་ཆེན་པོ་བྱེད་ཡུལ་ལ་ལྟ་རྟོག་དང་། ནུས་ལྡན་སྒོ་ནས་ཕྱོགས་འགལ་ཚོད་འཛིན་དང་ཐག་གཅོད་བྱེད་པ། ཕྱོགས་འགལ་རྩོད་གཞིར་མི་འགྱུར་བ་བྱེད་པ། དེ་བས་དམ་ཟབ་ཀྱི་རོགས་པའི་འབྲེལ་བ་འཕེལ་རྒྱས་གཏོང་བ་བཅས་བྱས་ཏེ། རྒྱ་གར་དང་ཀྲུང་གོའི་འབྲེལ་བའི་དུས་རབས་གསར་པ་གཏོད་དགོས་ཞེས་བསྟན་ཡོད།

སྨོ་ཏིས་སླར་ཡང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་བཀྲ་ཤིས་བདེ་ལེགས་ཞུས་གནང་ནས། རྒྱ་གར་ཕྱོགས་ཀྱིས་ཀྲུང་གོར་གྲུབ་འབྲས་ཆེན་པོ་ཐོབ་པར་ཡིད་སྨོན་བྱེད་ཀྱི་ཡོད། རྒྱ་གར་དང་ཀྲུང་གོ་རྒྱལ་ཁབ་གཉིས་པོ་མི་རིགས་བསྐྱར་དར་གྱི་འཕེལ་རིམ་ཁྲོད་གནས་ཡོད་པ་དང་། རྒྱལ་ཁབ་གཉིས་པོར་འདྲ་མཚུངས་ཀྱི་འགྲན་རྩོད་མང་པོ་འཕྲད་ཡོད་པས། རྒྱ་གར་ཕྱོགས་ནས་ཀྲུང་གོའི་ཕྱོགས་བར་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུ་དང་། དངོས་གཉེར་མཉམ་ལས་རྒྱ་སྐྱེད་དང་གཏིང་ཟབ་ཏུ་གཏོང་འདོད་ཡོད། རྒྱ་གར་ཕྱོགས་ནས་ཀྲུང་གོས་རྒྱ་གར་གྱི་འབྲས་དང་མངར་ཆ་སོགས་ཐོན་སྐྱེད་ནང་འདྲེན་བྱེད་ཤུགས་ཆེ་རུ་བཏང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། མཐོ་རིམ་རིམ་པའི་དཔལ་འབྱོར་ཉོ་ཚོང་སྐད་ཆ་ཤོད་རེས་ཀྱི་སྒྲིག་གཞི་བེད་ཡག་པོ་སྤྱད་དེ། ཕྱོགས་གཉིས་ཉོ་ཚོང་དོ་སྙོམས་དང་རྒྱུན་མཐུད་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད། རྒྱ་གར་ཕྱོགས་ནས་ཀྲུང་གོའི་ཁེ་ལས་སྔར་བས་མང་བ་རྒྱ་གར་དུ་བཟོ་སྐྲུན་ལས་རིགས་སོགས་ཐོན་ལས་མ་འཇོག་བྱ་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན། ཕྱོགས་གཉིས་པོས་སང་ལོར་ཐུན་མོང་ཐོག་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོ་རབ་དང་རིམ་པ་ཐེངས་70ཡག་པོ་གཉེར་ནས། ཀྲུང་གོའི་ཡུལ་སྐོར་བ་སྔར་བས་མང་བ་རྒྱ་གར་དུ་ཕེབས་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན། ཕྱོགས་གཉིས་པོས་མཉམ་འབྲེལ་ཞིབ་འཇུག་བྱེད་པ་དང་། ཡུན་རིང་གི་རྒྱ་གར་དང་ཀྲུང་གོའི་འགྲོ་འོང་ལོ་རྒྱུས་སྔོག་འདོན་གཏིང་ཟབ་བྱེད་རྒྱུའི་རེ་བ་ཡོད། རྒྱ་གར་ཕྱོགས་ནས་རང་ངོས་ཀྱི་འཐབ་ཇུས་རང་བདག་རང་བཞིན་ལ་གཅེས་འཛིན་བྱེད་ཀྱི་ཡོད། ཀྲུང་གོའི་ཕྱོགས་བར་ཕྱོགས་མང་སྒྲོམ་གཞིའི་འོག་འབྲེལ་གཏུག་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཐུན་མོང་ཐོག་འཛམ་གླིང་རང་བཞིན་གྱི་འགྲན་རྩོད་ལ་ཁ་གཏད་གཅོག་པ། དར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་བཅས་བྱེད་འདོད་ཡོད། རྒྱ་གར་ཕྱོགས་ནས་ཀྲུང་གོའི་ཕྱོགས་དང་ལྷན་དུ་ས་ཁོངས་ཀྱི་ཁྱོན་ཡོངས་དཔལ་འབྱོར་རོགས་ཟླའི་འབྲེལ་བའི་གྲོས་ཆོད་གང་མགྱོགས་འཇོག་ཐུབ་རྒྱུར་སྐུལ་འདེད་གཏོང་བ་དང་། མཉམ་འབྲེལ་མཉམ་མཐུད་ཀྱི་མཉམ་ལས་བྱེད་འདོད་ཡོད། རྒྱ་གར་ཕྱོགས་ནས་ཀྲུང་གོའི་ཕྱོགས་བར་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་མཉམ་ལས་ལ་ཤུགས་སྣོན་རྒྱག་འདོད་ཡོད་ཅེས་བསྟན་ཡོད་པ་རེད།

ཞི་ཅིན་ཕིང་གིས། ཅིན་ནའེ་ཡི་ཐུག་འཕྲད་བརྒྱུད། ང་རང་ནས་ཙུང་ལི་སྨོ་ཏིའི་བར་ཀྲུང་གོ་དང་རྒྱ་གར་གྱི་འབྲེལ་བའི་ཐད་ཁྱོན་ཡོངས་དང་གཏིང་ཟབ་པའི་དགོངས་འཆར་བརྗེ་རེས་བྱས་པས། ཕན་ཚུན་ཤེས་རྟོགས་ཟབ་ཏུ་ཕྱིན་པ་མ་ཟད། དམིགས་འབེན་དང་རིག་ལམ་སྔར་བས་ཁ་གསལ་དུ་ཕྱིན་སོང་། ང་ཚོས་ཕྱོགས་གཉིས་པོའི་འབྲེལ་ཡོད་སྡེ་ཁག་ནས་དེ་དག་དོན་འཁྱོལ་བྱ་རྒྱུར་མཛུབ་སྟོན་བྱས་ཏེ། ཀྲུང་གོ་དང་རྒྱ་གར་མཉམ་ལས་ཀྱི་དུས་བབ་གསར་པའི་འགོ་ཚུགས་དགོས་ཞེས་བསྟན་ཡོད།

ཞི་ཅིན་ཕིང་གིས། ཐེངས་འདིའི་འཚམས་འདྲིའི་མགོ་ནས་མཇུག་བར་ང་རང་ལ་རྒྱ་གར་སྲིད་གཞུང་དང་མི་དམངས་ཀྱི་རྒྱ་ཆེ་གཟབ་རྒྱས་དང་སྤྲོ་སེམས་འཁོལ་བ། འཐུས་སྒོ་ཚང་བ་བཅས་ཀྱི་དགའ་བསུ་ཐོབ་བྱུང་ལ། རྒྱལ་ཁབ་གཉིས་པོའི་མི་དམངས་བར་སྲོལ་རྒྱུན་མཛའ་ཤེས་ཟབ་མོ་ཡོད་པའང་མྱོང་ཚོར་བྱུང་། ང་རང་ནས་ཙུང་ལི་སྨོ་ཏིས་སླར་ཡང་ཀྲུང་གོར་འཚམས་འདྲི་གནང་བར་ཕེབས་རྒྱུར་གདན་འདྲེན་ཞུ་རྒྱུ་ཡིན་ཞེས་གསུངས་པརེད།

སྨོ་ཏིས། ད་ཐེངས་ངོས་གཉིས་ནས་མཛའ་མཐུན་གྱི་རྣམ་པའི་ཁྲོད་སྤེལ་རེས་གཏིང་ཟབ་གནང་བས། ངོས་གཉིས་བར་གྱི་མཛའ་ཤེས་ཟབ་ཏུ་ཕྱིན་པ་དང་། ཕན་ཚུན་ཤེས་རྟོགས་དང་ཡིད་ཆེས་བྱེད་ཤུགས་ཆེ་རུ་ཕྱིན་པ། ཤེས་དཔལ་གྱི་གནའ་བོའི་རྒྱལ་ཁབ་གཉིས་བར་གྱི་འབྲེལ་བ་ཟབ་ཏུ་ཕྱིན་ཡོད། ང་རང་ནས་ཀྲུའུ་ཞི་ཞི་ཅིན་ཕིང་གི་མཁྱེན་སྤྱོད་གཟིགས་རྒྱང་དང་ཟོལ་མེད་དངོས་གཉེར་ལ་དད་གུས་ཆེན་པོ་ཞུ་གི་ཡོད། རྒྱ་གར་དང་ཀྲུང་གོ་རྒྱལ་ཁབ་གཉིས་པོས་ལོ་རྒྱུས་ལ་ཁ་ཕྱོགས་དགོས་པ་མ་ཟད། དེ་བས་ལོ་རྒྱུས་ཀྱི་ཚད་ལས་བརྒལ་ཏེ་མ་འོངས་པ་གཏོད་རྒྱུ་ནི་བརྗོད་མེད་ཡིན། དུས་རབས་21པར་སླེབས་སྐབས། འཛམ་གླིང་གི་ཞི་བདེ་དང་མིའི་རིགས་ཡར་ཐོན་ཡོང་བ་བྱ་རྒྱུ་ནི་རྒྱ་གར་དང་ཀྲུང་གོའི་མཉམ་ལས་དང་ཁ་བྲལ་ཐབས་མེད། ང་རང་ནས་ཀྲུའུ་ཞི་ཞི་ཅིན་ཕིང་བར་གྱི་མཛའ་ཤེས་ལ་མཐོང་ཧ་ཅང་ཆེན་པོ་ཞུ་གི་ཡོད། སྐུ་ཉིད་བར་མུ་མཐུད་དེ་ཕན་ཐོགས་ཡོད་ལ་གྲུབ་འབྲས་ཀྱིས་ཕྱུག་པའི་འཐབ་ཇུས་འབྲེལ་གཏུག་འདི་རིགས་རྒྱུན་འཁྱོངས་བྱ་རྒྱུ་དང་། ལག་གདང་སྦྲེལ་ནས་རྒྱ་གར་དང་ཀྲུང་གོའི་འབྲེལ་བའི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་མཉམ་དུ་གཏོད་འདོད་ཡོད། ང་རང་ནས་སླར་ཡང་ཀྲུང་གོར་འཚམས་འདྲི་ཞུས་ཏེ་སྐུ་ཉིད་དང་ཐུག་འཕྲད་ཐུབ་རྒྱུའི་རེ་སྒུག་ཞུ་བཞིན་ཡོད་ཅེས་གསུངས་པ་རེད།