ལིག་ཉིང་གིས་ཟི་ལིང་ནས2019ལོའི་བོད་ལུགས་ས་གདན་འགྲེམ་ཚོགས་དང་རྒྱལ་སྤྱིའི་སྐྱེ་ཁམས་ཐོན་ལས་བཤམས་ཚོགས་སྟེང་ཞུགས་པའི་ཀྲུང་སྡོད་གཞུང་ཚབ་པ་ཁག་ཅིག་དང་ཕྱི་རྒྱལ་གྱི་སྲིད་ཕྱོགས་མི་སྣར་ཐུག་འཕྲད་བྱས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་མཚོ་སྔོན་གསར་འགྱུར་མཁོ་སྤྲོད་སྟེགས་བུའི་འཕྲིན་ལྟར་ན། ཟླ8པའི་ཚེས6ཉིན་གྱི་ཕྱི་དྲོར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལིག་ཉིང་གིས་ཟི་ལིང་ནས2019ལོའི་བོད་ལུགས་ས་གདན་འགྲེམ་ཚོགས་དང་རྒྱལ་སྤྱིའི་སྐྱེ་ཁམས་ཐོན་ལས་བཤམས་ཚོགས་སྟེང་ཞུགས་པའི་ཀྲུང་གོར་སྡོད་པའི་གཞུང་ཚབ་པ་ཁག་ཅིག་དང་ཕྱི་རྒྱལ་གྱི་སྲིད་ཕྱོགས་མི་སྣར་ཐུག་འཕྲད་བྱས་ཤིང་། ཧྲིན་ཀྲང་གཞོན་པ་ལིག་ཐའོ་ཡིས་ཐུག་འཕྲད་བྱེད་རོགས་བྱས་པ་རེད།

ལིག་ཉིང་གིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ཏེ་ཀྲུང་གོར་སྡོད་པའི་གཞུང་ཚབ་པ་ཁག་ཅིག་དང་ཕྱི་རྒྱལ་གྱི་སྲིད་ཕྱོགས་མི་སྣ་མཚོ་སྔོན་དུ་ཡོང་ནས་འགྲེམ་ཚོགས་ལ་ཞུགས་པར་དགའ་བསུ་ཞུས། མཚོ་སྔོན་གྱི་གནས་ཚུལ་ངོ་སྤྲོད་མདོར་བསྡུས་ཤིག་བྱས་རྗེས། ལིག་ཉིང་གིས་བཤད་རྒྱུར། སྐྱེ་ཁམས་སྲུང་སྐྱོབ་ནི་མིའི་རིགས་ཐུན་མོང་གིས་དོ་སྣང་བྱེད་ཀྱིན་པའི་གླེང་གཞི་ཞིག་ཡིན་ལ། ད་ལོར་ང་ཚོས་ལོ15ཡི་རིང་ལ་མཚོ་སྔོན་བོད་ལུགས་ས་གདན་རྒྱལ་སྤྱིའི་འགྲེམ་ཚོགས་བསྡུས་པའི་རྨང་གཞིའི་སྟེང་དུ། རྒྱལ་སྤྱིའི་སྐྱེ་ཁམས་བཤམས་ཚོགས་ཚུལ་བསྒྱུར་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་སྐྱེ་ཁམས་དཔལ་ཡོན་འདུ་ཤེས་འབུར་དུ་ཐོན་པར་བྱས་ནས། མིའི་རིགས་ཐུན་མོང་གི་ལས་སྐལ་ཚོགས་པ་གྲུབ་པར་བྱས། སྐབས་འདིའི་འགྲེམས་ཚོགས་དེ་ཚོང་དོན་པུའུ་དང་མཚོ་སྔོན་ཞིང་ཆེན་གྱིས་ཐུན་མོང་ཐོག་གཉེར་བ་ཡིན་ཞིང་། དུས་མཚུངས་སུ་བབ་མཚུངས་ཀྱི་ནང་དོན་རྒྱ་ཆེ་རུ་བཏང་བ་དང་། རང་ཞིང་གི་ཁེ་ལས300ལྷག་ཙམ་གྱི་ཚོང་ཟོག་འགྲེམས་སྟོན་ནང་ཞུགས་རྒྱུ་དང་འབྲེལ། སྤུན་ཟླའི་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་དང་། “རྒྱུད་གཅིག་ལམ་གཅིག”ལམ་རྒྱུད་ཀྱི་རྒྱལ་ཁབ41གི་སྐུ་མགྲོན་དང་འཛམ་གླིང་གི་ཁེ་ལས་སྟོབས་ཆེན500འགྲེམས་སྟོན་ནང་ཞུགས་རྒྱུར་གདན་ཞུ་བྱས་པ་དེ་ནི་གཞི་ཁྱོན་ཆེ་ཤོས་དང་སྒོ་དབྱེ་བྱེད་ཚད་མཐོ་ཤོས་ཀྱི་འགྲེམས་ཚོགས་ཤིག་རེད། རེ་བ་ཡིན་ན། མཚོ་སྔོན་གྱི་འགྲེམ་ཚོགས་སྟེང་ཕེབས་པའི་མགྲོན་པོ་རྣམས་ཀྱིས་འགྲེམ་ཚོགས་ལ་ཞུགས་པ་བརྒྱུད་དེ་མཚོ་སྔོན་ལ་རྒྱུས་ལོན་བྱེད་རྒྱུ་དང་མཚོ་སྔོན་ལ་དགའ་བར་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་བརྗེ་རེས་མཉམ་ལས་ལ་ཤུགས་བསྣན་ནས། ཕན་ཚུན་རོགས་རེས་གཉིས་རྒྱལ་གྱི་འདུན་མ་མངོན་འགྱུར་བྱ་དགོས་ཟེར།

ཁ་མེ་རོང་གི་གཞུང་ཚབ་མ་ཏེན་མུའུ་པ་ན་ཡིས་ཕྱི་རྒྱལ་གྱི་སྐུ་མགྲོན་གྱི་ཚབ་ཞུས་ནས་འགྲེམས་ཚོགས་ཀྱི་གདན་ཞུས་ལ་ཐུགས་རྗེ་ཆེ་ཞུས་པ་རེད། ཁོས་བཤད་རྒྱུར། མཚོ་སྔོན་གྱི་གནམ་གཤིས་བསིལ་མོ་ཡིན་ཞིང་། མི་རིགས་མང་པོ་ཞི་མཐུན་མཉམ་གནས་བྱས་ཡོད་པས། གནས་འདིར་ཡོང་བ་ནི་ཁྱིམ་དུ་ལོག་པ་ལྟར་སྐྱིད་སྣང་དོད་པ་ཞིག་ཡོད། མཚོ་སྔོན་ལ་ཕུན་སུམ་ཚོགས་པའི་རིག་གནས་ཡུལ་སྐོར་ཐོན་ཁུངས་ཡོད་པས་དར་གོས་ལམ་བུའི་ཐོག་གི་ལྷུ་ཚིགས་གལ་ཆེན་ཞིག་ཡིན་པ་དང་། ཉེ་བའི་ལོ་ཤས་རིང་མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་ཕྱོགས་ཡོངས་ནས་འཕེལ་རྒྱས་སུ་ཕྱིན་པར་མ་ཟད། ད་དུང་བཀྲག་མདངས་འཚེར་ས་དང་རིག་གནས་ཀྱི་ནང་དོན་མང་པོ་ཞིག་སྔར་བས་ཤེས་རྟོགས་དང་འཚོལ་ཞིབ་ཐུབ་ཀྱི་ཡོད། ཐེངས་འདིའི་རྒྱལ་སྤྱིའི་སྣོད་བཅུད་ཐོན་ལས་དངོས་མང་སྟོན་ཚོགས་ཀྱི་བརྗོད་དོན་གཙོ་བོ་དེ་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོའི་གྲོས་གཞི་ཁག་དང་ཧ་ཅང་འཚམ་པོ་ཡོད། འགྲེམས་ཚོགས་ནང་ཞུགས་པ་བརྒྱུད་དེ། ཕྱོགས་གཉིས་པོའི་འགྲོ་འོང་ལ་སྔར་བས་ཤུགས་བསྣན་ནས་ཕན་ཚུན་དབར་གྱི་སྣོད་བཅུད་སྲུང་སྐྱོང་ཐད་ཀྱི་ཉམས་མྱོང་དང་བྱེད་ཐབས་སློབ་སྦྱོང་བྱ་རྒྱུའི་རེ་བ་ཡོད་ཟེར།

ལོ་ཙཱ་བ། ཡེ་ཤེས་སྒྲོལ་མ།