རང་ཞིང་གིས2019ལོའི་བོད་ལུགས་ས་གདན་འགྲེམས་ཚོགས་དང་རྒྱལ་སྤྱིའི་སྣོད་བཅུད་ཐོན་ལས་དངོས་མང་སྟོན་ཚོགས་ཀྱི་བཟའ་བཅའ་དང་སྨན་རྫས། དམིགས་བསལ་སྒྲིག་ཆས་སོགས་བདེ་འཇགས་འགན་ལེན་བྱ་བར་ནུས་ཤུགས་ཡོད་རྒུས་བྱ་བ་གང་ལེགས་བསྒྲུབས་ཡོད་པ་རེད།

མཚོ་སྔོན་གསར་འགྱུར་དྲ་བའི་མཚོ་སྔོན་གསར་འགྱུར་མཁོ་སྤྲོད་སྟེགས་བུའི་འཕྲིན་ལྟར་ན། 2019ལོའི་ཀྲུང་གོའི(མཚོ་སྔོན)བོད་ལུགས་ས་གདན་རྒྱལ་སྤྱིའི་འགྲེམས་ཚོགས་རྒྱལ་སྤྱིའི་སྣོད་བཅུད་ཐོན་ལས་དངོས་མང་སྟོན་ཚོགས(གཤམ་དུ“འགྲེམས་ཚོགས”ཞེས་བསྡུ་རྒྱུ་ཡིན)རིང་གི་བཟའ་བཅའ་དང་། སྨན་རྫས། དམིགས་བསལ་སྒྲིག་ཆས་སོགས་ཀྱི་བདེ་འཇགས་འགན་ལེན་བྱ་ཆེད། ཞིང་ཆེན་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུའུ་ཡིས《2019ལོའི་ཀྲུང་གོ(མཚོ་སྔོན)བོད་ལུགས་ས་གདན་རྒྱལ་སྤྱིའི་འགྲེམས་ཚོགས་དང་རྒྱལ་སྤྱིའི་སྣོད་བཅུད་ཐོན་ལས་དངོས་མང་སྟོན་ཚོགས་ཀྱི་བཟའ་བཅའ་དང་སྨན་རྫས། དམིགས་བསལ་སྒྲིག་ཆས་སོགས་བདེ་འཇགས་ལས་ཀའི་འགན་ལེན་ཇུས་གཞི》(གཤམ་དུ“ཇུས་གཞི”ཞེས་བསྡུ་རྒྱུ་ཡིན)ཆེད་མངགས་བཟོས་ནས་འབྲེལ་ཡོད་ལས་བྱ་བར་བཀོད་སྒྲིག་བྱས་པ་རེད།

《ཇུས་གཞིའི》ནང་། ནན་པོ་བྱ་རྒྱུ་མཐའ་འཁྱོངས་དང་། དམར་ཐིག་གི་འདུ་ཤེས་དང་མ་མཐའི་མཚམས་ཐིག་གི་བསམ་བློ་བརྟན་པོ་འཛུགས་པ་དང་། ཕྱོགས་ཡོངས་ནས་ཞིབ་བཤེར་དང་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། འགན་འཁུར་བ་དང་སྡེ་ཚན་གྱི་ལྟ་སྐུལ་མཛུབ་ཁྲིད་ཟུང་འབྲེལ་བྱེད་པ། བཟའ་བཅའ་དང་། སྨན་རྫས། དམིགས་བསལ་སྒྲིག་ཆས་སོགས་བདེ་འཇགས་ལྟ་སྐུལ་ཞིབ་བཤེར་ནན་པོ་བྱེད་པ། བདེ་འཇགས་སྔོན་འགོག་བྱེད་ཐབས་ཁག་དོན་འཁྱོལ་ནན་པོ་བྱེད་པ། བཟའ་བཏུང་དང་སྨན་རྫས། དམིགས་བསལ་སྒྲིག་ཆས་བཅས་ཀྱི་བདེ་འཇགས་ལ་དོགས་ཟོན་ནུས་ལྡན་གཏང་དགོས་པ་བཅས་བཏོན་ཡོད། དེ་དང་ཆབས་ཅིག་ཏུ། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་དང་། འགྲེམས་ཚོགས་ཀྱི་ལྷུ་ཚིགས་ཁག་ལ་དམིགས་པ། གཙོ་གནད་དམིགས་ཚད་དང་། འགག་རྩའི་གནས་ས། སྤྱི་པའི་ས་ཁོངས་བཅས་ཀྱི་བདེ་འཇགས་དོགས་ཟོན་ལ་དམ་པོར་དམིགས་པ། བདེ་འཇགས་ཀྱི་འགན་འཁྲི་དོན་འཁྱོལ་མི་བྱེད་པ་དང་། ལམ་ལུགས་ཀྱི་སྒྲིག་སྲོལ་འཐུས་ཚང་མེད་པ། ཉེན་ཁ་སྔོན་འགོག་ཚོད་འཛིན་མ་ལག་འཐུས་ཚང་མིན་པ། མངོན་མེད་རྐྱེན་ངན་གྲལ་བཤེར་དང་བཅོས་སྒྲིག་མཐའ་མི་འཁྱོལ་བ། བདེ་འཇགས་ལྟ་སྐུལ་དོ་དམ་དང་ཁྲིམས་འཛིན་ནན་པོ་མེད་པ་སོགས་ཀྱི་གནད་དོན་ལ་དམ་པོར་དམིགས་ནས། བདེ་འཇགས་ཐོན་སྐྱེད་ལ་ཁྱོན་ཡོངས་ནས་གྲལ་བཤེར་དང་བཅོས་སྒྲིག་བཅས་བྱས་ཏེ“མཐའ་མཚམས་སུ་སླེབས་པ་དང་། མཐའ་མཚམས་སུ་ཁྱབ་པ། ཕྱོགས་ཡོངས་ལ་ཁྱབ་པ། གནད་དོན་གཅིག་ཀྱང་མེད་པ”བཅས་ཐུབ་པ་བྱ་རྒྱུ་རེད།

《ཇུས་གཞི》གཞིར་བཟུང་ནས། ཅུའུ་དེས་ད་དུང་བཟའ་བཅའི་བདེ་འཇགས་འགན་ལེན་ཚན་ཆུང་དང་། སྨན་རྫས་དང་བྱུག་རྫས་སྨན་བཅོས་ཡོ་བྱད་འགན་ལེན་ཚན་ཆུང་། དམིགས་བསལ་སྒྲིག་ཆས་བདེ་འཇགས་འགན་ལེན་ཚན་ཆུང་སོགས་ཆེད་མངགས་སྒྲིག་འཛུགས་བྱས་ནས་ཕྱོགས་ཡོངས་ནས་ཞིབ་བཤེར་བྱས་པ་རེད། ཞིབ་བཤེར་ཁྱབ་ཁོངས་དེ་བཟའ་བཅའ་དང་། སྨན་རྫས། དམིགས་བསལ་སྒྲིག་ཆས་སོགས་གཙོ་གནད་ཁྱབ་ཁོངས་དང་སྐུ་མགྲོན་སྣེ་ལེན་མགྲོན་ཁང་དང་དེ་བཞིན་ཉེ་འཁོར་གྱི་ཟ་ཁང་ཆུང་གྲས་དང་། སྒོ་རྩིས་ཚོང་ཁང་ཆུང་གྲས། ཁྲོམ་ལམ་ཐག་ཉེ་བའི་ཚོང་ཁང་། སྨན་རིགས་ཚོང་ཁང་སོགས་ལས་རིགས་འདུ་ཡོད་ཅིང་། ཟས་རིགས་དང་སྨན་རྫས། དམིགས་བསལ་སྒྲིག་ཆས་ཀྱི་བདེ་འཇགས་འགན་འཁྲི་དོན་འཁྱོལ་བྱས་ཚུལ་དང་། ཁེ་ལས་བདེ་འཇགས་ཀྱི་འགན་འཁྲིའི་མ་ལག་བཙུགས་ནས་དོ་དམ་དང་སྡེ་ཚན་གྱི་ལྟ་སྐུལ་དོ་དམ་འགན་འཁྲི་དོན་འཁྱོལ་བྱེད་པ། བདེ་འཇགས་ཀྱི་འགན་འཁྲིའི་བྱེད་ཐབས་དོན་འཁྱོལ་བྱེད་ཤུགས་ཆེ་རུ་གཏང་བ་སོགས་གཙོ་གནད་སྒོས་ཞིབ་བཤེར་བྱ་རྒྱུ་རེད།

ལོ་ཙཱ་བ། ཡེ་ཤེས་སྒྲོལ་མ།