2019ལོའི་ཀྲུང་གོའི(མཚོ་སྔོན)བོད་ལུགས་ས་གདན་རྒྱལ་སྤྱིའི་འགྲེམ་ཚོགས་སམ་རྒྱལ་སྤྱིའི་སྐྱེ་ཁམས་ཐོན་ལས་དངོས་མང་འགྲེམ་ཚོགས་ལ་གྲ་སྒྲིག་ཨང་གསར་བྱེད་པ།

2019ལོའི་ཀྲུང་གོའི(མཚོ་སྔོན)བོད་ལུགས་ས་གདན་རྒྱལ་སྤྱིའི་འགྲེམ་ཚོགས་དང་རྒྱལ་སྤྱིའི་སྐྱེ་ཁམས་ཐོན་ལས་དངོས་མང་འགྲེམ་ཚོགས་དེ་ཟླ8ཚེས7ཉིན་ནས11ཉིན་བར་རང་ཞིང་ནས་འཚོག་རྒྱུ་རེད། ཟླ8ཚེས2ཉིན་གསར་འགོད་པས་ཞིང་ཆེན་ཚོང་དོན་ཐིང་ནས་ཤེས་གསལ་ལྟར་ན། ད་སྔ་འགྲེམ་ཚོགས་ཀྱི་བཀོད་སྒྲིག་དང་སྐུ་མགྲོན་གདན་ཞུ་ལ་སོགས་པའི་གྲ་སྒྲིག་ལས་ཀ་ཚགས་དམ་ངང་གོ་རིམ་མ་འཆོར་བར་སྤེལ་སྒང་རེད།

ཐེངས་འདིའི་འགྲེམ་ཚོགས་ཀྱིས་མཚོ་སྔོན་རྒྱལ་སྤྱིའི་འགྲེམ་ཚོགས་ལྟེ་གནས་ཀྱི་འགྲེམ་ཁངA、B、Cདང་ཐང་ཆེན་འགྲེམ་ཁུལ་བེད་སྤྱོད་ལེགས་པོ་བྱས་ནས་རྒྱ་ཁྱོན་སྨི་གྲུ་བཞི་མ་ལྔ་ཁྲི་ཐོག་འགྲེམ་སྟེགས་ཧ་ལམ2100དང་། འགྲེམ་ཁུལ16བཀོད་སྒྲིག་བརྒྱབ་ཡོད་པ་རེད། དེ་ལས་འགྲེམ་ཁངAནང་གཙོ་བོ་མཚོ་སྔོན་སྐྱེ་ཁམས་ཐོན་ལས་འགྲེམ་ཁང་བཀོད་སྒྲིག་བྱས་ཡོད་ཅིང་། དེ་ལ་གཙོ་བོ་མཚོ་སྔོན་གྱི་སྐྱེ་ཁམས་ཐོན་ལས་ཐོན་རྫས་ངོམ་སྟོན་དང་། རྒྱལ་ཁབ་སྤྱི་གླིང་གཙོ་བྱས་པའི་རང་བྱུང་སྲུང་སྐྱོབ་བྱ་ཡུལ་གྱི་དཔེ་སྟོན་ཞིང་ཆེན། རྒྱལ་ཁབ་གཙང་སེལ་ནུས་ཁུངས་དཔེ་སྟོན་ཞིང་ཆེན། མངའ་ཁོངས་ཡོངས་ཀྱི་ལྷད་མེད་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་དཔེ་སྟོན་ཞིང་ཆེན་བཅས་འཛུགས་སྐྲུན་གྱི་གྲུབ་འབྲས་འགྲེམ་སྟོན་བྱ་རྒྱུ་རེད།

འགྲེམ་ཁངBནི་རྒྱལ་ཁབ་ཕྱི་ནང་གི་སྤུས་ལེགས་ས་གདན་འགྲེམ་ཁང་ཡིན་ཞིང་། དེར་གཙོ་བོ་བོད་ལུགས་ས་གདན་དང་། གནའ་དཔེ་ས་གདན། ལི་ཡུལ་ས་གདན། གསེར་གདན། དེ་མིན་དབྱི་ལིང་གི་པོ་སི་ས་གདན། རྒྱ་གར་ག་པེ། ཕ་ཁི་སི་ཐན་ཆིའུ་པུ་ས་གདན་སོགས་རྒྱལ་ཁབ་ཕྱི་ནང་གི་ལག་ཤེས་ས་གདན་སྤུས་ལེགས་བཤམས་ཡོད། འགྲེམ་ཁངCནི་རྒྱལ་ཁབ་ཕྱི་ནང་གི་ཁྱད་ལྡན་ཚོང་རྫས་འགྲེམ་ཚོང་ཁང་ཡིན་ཞིང་། དེའི་ནང་རྒྱལ་ཁབ་ཕྱི་ནང་གི་ལག་ཤེས་ཐོན་རྫས་སྤུས་ལེགས་དང་། ཁྱིམ་སྤྱོད་རྒྱན་སྤུད་ལ་སོགས་ཀྱི་ཚོང་རྫས་བཤམས་ཡོད། ཐང་ཆེན་འགྲེམ་ཁུལ་དུ་གཙོ་བོ་རབ་མཛེས་མཚོ་སྔོན་གྱི་པར་ལེན་སྒྱུ་རྩལ་འགྲེམ་སྟོན་དང་། ཕྱི་སྤྱོད་ས་གདན་དང་བཙོངས་རྗེས་ཀྱི་ཞབས་ཞུ་སོགས་འགྲེམ་སྟོན་བྱ་རྒྱུ་རེད། ད་སྔ་འགྲེམ་ཁང་ཁག་གི་ལས་ཀ་གཙོ་བོ་བསྒྲུབས་ཚར་ནས་ཞིབ་ཆ་ཇེ་ཞིབ་ཏུ་བཏང་ནས་ལས་ཀ་འཐུས་ཤོར་མེད་པ་བཟོ་སྒང་རེད། ཤེས་གསལ་ལྟར་ན། འགྲེམ་ཚོགས་ཀྱི་སྐབས་སུ“རྒྱུད་གཅིག་ལམ་གཅིག”(མཚོ་སྔོན)རྒྱལ་སྤྱིའི་སྐྱེ་ཁམས་ཐོན་ལས་གོང་སྤེལ་བརྗོད་དོན་གླེང་སྟེགས་དང་། བོད་སྨན་ཐོན་ལས་མཉམ་ལས་དང་གོང་སྤེལ། མངའ་ཁོངས་བརྒལ་བའི་དྲ་ཚོང་དང་མཚོ་སྔོན་ཞིང་ཆེན་ཕྱི་ཕྱོགས་རང་བཞིན་གྱི་དཔལ་འབྱོར་གོང་སྤེལ་མཉམ་ལས་ལ་སོགས་པའི་ཆེད་དོན་གླེང་སྟེགས་སོགས་སྤེལ་རྒྱུ་མ་ཟད། རྒྱལ་ཁབ་ཕྱི་ནང་གི་ཁེ་ལས་གྲགས་ཅན་དང་མཚོ་སྔོན་ཁེ་ལས་དབར་གྱི་འབྲེལ་སྦྱོར་ཚོགས་འདུ། མཚོ་སྔོན་བོད་ལུགས་ས་གདན་གྱི་ཐོན་རྫས་གསར་པ་ཁྱབ་སྒྲོག བོད་ལུགས་ས་གདན་མི་རིགས་ལག་ཤེས་བཟོ་རྩལ་གྱི་དབུལ་སྐྱོར་ཐོན་རྫས་འོས་འཚོང་ལ་སོགས་ཚོང་གཉེར་ཀྱི་བྱེད་སྒོ་གལ་ཆེན་གང་མང་སྤེལ་རྒྱུ་རེད།

ད་ཐེངས་ཀྱི་འགྲེམ་ཚོགས་དང་འགྲེམ་ཞུགས་རྒྱ་ཁྱོན་མུ་མཐུད་ནས་རྒྱ་བསྐྱེད་ཡོད་ཅིང་། ད་སྔ་ད་རུང་སྐུ་མགྲོན་གདན་ཞུ་བྱེད་བཞིན་ཡོད་ལ། སྐུ་མགྲོན་དུ་རྒྱལ་ཁབ་ཚོང་དོན་པུའུ་དང་། རང་བྱུང་ཐོན་ཁུངས་པུའུ། སྣོད་བཅུད་ཁོར་སྲུང་པུའུ། རྒྱལ་ཁབ་སྨན་རྫས་དོ་དམ་ཅུས་སོགས་རྒྱལ་ཁབ་ཀྱི་པུའུ་ཨུ་དང་ཀྲུང་གོའི་ཉོ་ཚོང་སྐུལ་སྤེལ་ལྷན་ཚོགས་སོགས་ཚོང་ལས་མཐུན་ཚོགས་དང་། པེ་ཅིན། ཐིན་ཅིན། ཅང་སུའུ། ཤིན་ཅང་སོགས་ཞིང་ཆེན་དང་གྲོང་ཁྱེར(ལྗོངས)སྲིད་གཞུང་། ཚོང་དོན་གཙོ་སྐྱོང་ལས་ཁུངས་བཅས་གདན་ཞུས་ནས་ཞུགས་རྒྱུ་ཡིན་པ་དང་། ཧྲན་ཞི་དང་། ཀྲེ་ཅང་། ཧའེ་ལུང་ཅང་། ཧྲན་ཏུང་། པེ་ཅིན། ཧེ་པེ། ཉིང་ཞ། ཤིན་ཅང་སོགས་ཞིང་ཆེན་དང་གྲོང་ཁྱེར(ལྗོངས)དང་། རང་རེའི་ཞིང་ཆེན། དེ་མིན་ཐའེ་ཝན་ས་ཁུལ་བཅས་ཀྱི་ཁེ་ལས540ལྷག་འགྲེམ་སྟོན་ལ་ཞུགས་རྒྱུ་ཡིན་པ་རེད། འགྲེམ་ཚོགས་རྒྱལ་སྤྱིའི་ཅན་དུ་འགྱུར་ཆེད། པ་ལིན་དང་། ཨ་རུབ་མཉམ་འབྲེལ་རྒྱལ་ཁབ། ཐུར་ཁེ། ཡོ་ནན་སོགས་རྒྱལ་ཁབ་ཆེ་ཆུང19ཡི་སྲིད་འཛིན33དང་། ཀྲུང་གོར་བཅའ་སྡོད་བྱས་པའི་རྒྱལ་ཕྱིའི་གཞུང་ཚབ་པ་དང་སྐུ་མགྲོན། དེ་མིན་རྒྱ་གར་དང་། ཕ་ཁི་སི་ཐན། ཨ་ཧྥུ་ཧན། ནེ་པ་ལ། བྷང་ག་ལ། དབྱི་ཐ་ལི་སོགས་རྒྱལ་ཁབ་ཀྱི་ཁེ་ལས་བརྒྱ་ཕྲག་འགྲེམ་ཚོགས་སུ་གདན་ཞུས་ཡོད་པ་རེད།

གཞན་ད་ལོར་འགྲེམ་ཚོགས་ཀྱིས་རྒྱལ་ཁབ་ཕྱི་ནང་གི་སྐྱེ་ཁམས་འཛུགས་སྐྱོང་མངའ་ཁོངས་ཀྱི་ཆེད་མཁས་པ་དང་། ལས་རིགས་མངའ་ཁོངས་ཀྱི་ཆེད་ལས་ཚོང་མགྲོན། རྒྱལ་ཕྱི་རྒྱལ་ནང་གི་ཁེ་ལས་གྲགས་ཅན་གདན་ཞུ་ཧུར་ཐག་བྱེད་བཞིན་ཡོད་པས། ཚོད་དཔག་བྱས་ན་རྒྱལ་ཁབ་ཕྱི་ནང་གི་འགྲེམ་ཞུགས་དང་ཚོགས་ཞུགས་སྐུ་མགྲོན། དེ་མིན་གཟིགས་མོ་བ་བཅས་ཁྲི་ལས་བརྒལ་སྲིད་པ་རེད།

ཁོན་ཐར་འཚོས་བསྒྱུར།