2019ལོའི་བོད་ལུགས་ས་གདན་འགྲེམས་སྟོན་དང་རྒྱལ་སྤྱིའི་སྐྱེ་ཁམས་ཐོན་ལས་དངོས་མང་འགྲེམས་ཚོགས་ཟླ8པའི་ཚེས7ཉིན་འཚོགས་རྒྱུ་ཡིན་པ།

མཚོ་སྔོན་གསར་འགྱུར་དྲ་བའི་མཚོ་སྔོན་གསར་འགྱུར་མཁོ་སྤྲོད་སྟེགས་བུ་ལྟར་ན།སྤྱི་ཟླ8ཚེས7ཉིན་ནས་ཚེས11ཉིན་བར།2019ལོའི་ཀྲུང་གོའི(མཚོ་སྔོན)རྒྱལ་སྤྱིའི་བོད་ལུགས་ས་གདན་འགྲེམས་ཚོགས་དང་རྒྱལ་སྤྱིའི་སྐྱེ་ཁམས་ཐོན་ལས་དངོས་མང་འགྲེམས་ཚོགས་ཟི་ལིང་དུ་སྤེལ་རྒྱུ་ཡིན་པ་རེད། འགྲེམས་ཚོགས་ཀྱིས“སྐྱེ་ཁམས་དཔལ་ཡོན་མཉམ་སྐྲུན་དང་ལྗང་མདོག་འཕེལ་རྒྱས་མཉམ་སྤྱོད”ཀྱི་བརྗོད་དོན་གཙོ་བོར་དམིགས་ནས“དར་གོས་ཚོང་ལམ་གྱི་དཔལ་འབྱོར་གྱི་སྤུས་རྟགས་གཏོད་པ”དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་གི་ལམ་བུའི་ཐོག་མཉམ་དུ་ཇུས་འགོད་བྱེད་པའི་དམིགས་ཚད་ཁོང་དུ་ཆུད་པ་བྱས་ཏེ་སྐྱེ་ཁམས་འཛུགས་སྐྱོང་གི་གྲུབ་འབྲས་མཉམ་སྤྱོད་དང་། སྐྱེ་ཁམས་ཐོན་ལས་འཕེལ་རྒྱས་མགྱོགས་སུ་གཏོང་བ། སྐྱེ་ཁམས་ཐོན་རྫས་ཚོང་དོན་མཉམ་འདྲེས། གསར་གཏོད་ནུས་པ་སྒོ་དབྱེ་མཉམ་ལས་བཅས་ཀྱི་ཞིབ་ཕྲའི་ཐབས་ལམ་ལ་དངོས་སྒྲུབ་ངང་སྐུལ་འདེད་བཏང་སྟེ་སྐྱེ་ཁམས་དཔལ་ཡོན་གྱི་གྲུབ་འབྲས་ཐོབ་པའི་ཉམས་མྱོང་ཐུན་མོང་སྒོས་སྤེལ་རེས་བྱ་རྒྱུ་ཡིན་པ་རེད།

རྒྱུས་ལོན་བྱུང་བ་ལྟར་ན། ད་བར་བོད་ལུགས་ས་གདན་འགྲེམས་སྟོན་སྤེལ་ནས་ལོ16འགོར་ཡོད་པ་དང་།ལོ་མང་རིང་གི་འཕེལ་རྒྱས་བརྒྱུད་འགྲེམས་ཚོགས་ལ་འཛམ་གླིང་གི་ས་གདན་ལས་རིགས་ཀྱི་ཁྱབ་རྒྱ་ལ་ཁས་ལེན་ཐོབ་ཡོད་པར་མ་ཟད་དེའི་ནང་ཧུར་ཐག་ཞུགས་ཡོད་པ་རེད། བོད་ལུགས་ས་གདན་འགྲེམས་སྟོན་གྱི་སྐུལ་འདེད་འོག་མཚོ་སྔོན་གྱི་ཐོན་ལས་ཆུང་བ་ནས་ཆེ་བར་གྱུར་པ་དང་། ཉམས་ཞན་ནས་སྟོབས་ཆེན་དུ་གྱུར་པ། འགྲེམས་ཚོགས་ལ་བརྟེན་ནས་ཐོན་ལས་འཕེལ་རྒྱས་ལ་སྐུལ་ཁྲིད་བྱས་ཏེ་རྒྱལ་སྤྱིའི་མཉམ་ལས་སྤེལ་རེས་བྱེད་པ་ཆེ་རུ་ཕྱིན་ཡོད་པར་མ་ཟད། ད་ལྟ་མཚོ་སྔོན་གྱིས་དར་གོས་ཚོང་ལམ་གྱི་དཔལ་འབྱོར་གསར་གཏོད་བྱེད་པའི“མིང་བྱང”ཞིག་ཏུ་གྱུར་ཡོད་ལ། མཚོ་སྔོན་དང་དར་གོས་ཚོང་ལམ་ལམ་རྒྱུད་རྒྱལ་ཁབ་དང་ས་ཁུལ་གྱི་དཔལ་འབྱོར་ཚོང་དོན་དང་མ་དངུལ་གཏོང་འཇོག་མཉམ་ལས་ཀྱི་སྒོ་མོ་ཡང་ཕྱེས་ནས་ཞིང་ཆེན་ཡོངས་ཀྱི་སྒོ་དབྱེ་རྣམ་པའི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་གཏོང་བའི་ར་སྤྲོད་ནུས་ལྡན་ཞིག་ཏུ་གྱུར་ཡོད། ད་ལོའི་བོད་ལུགས་ས་གདན་འགྲེམས་སྟོན་དང་རྒྱལ་སྤྱིའི་སྐྱེ་ཁམས་ཐོན་ལས་དངོས་མང་འགྲེམས་ཚོགས་ཀྱིས་འགྲེམས་སྟོན་གྱི་ངོ་མཚར་རྒྱུན་མཐུད་བྱས་པར་མ་ཟད། ད་དུང་མཚོ་སྔོན་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་གི་གྲུབ་འབྲས་གཅིག་སྡུད་ཐོག་མངོན་པ་དང་སྣོད་བཅུད་ཐོན་ལས་ཐོན་རྫས་ཉོ་ཚོང་མཉམ་ལས་བྱས་ནས་མཚོ་སྔོན་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་གྲུབ་འབྲས་ཕྱོགས་ཡོངས་ནས་མངོན་པར་བྱ་རྒྱུ་རེད། Aའགྲེམས་སྟོན་ཁང་གིས་མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་ཐོན་ལས་འཕེལ་རྒྱས་ཀྱི་གྲུབ་འབྲས་གཅིག་སྡུད་ཐོག་འགྲེམས་སྟོན་བྱ་རྒྱུ་དང་། Bའགྲེམས་སྟོན་ཁང་གིས་ཀྲུང་གོའི་འགྲེམས་ཁང་ཐོག་མར་འཛུགས་རྒྱུ་དང་། གཙོ་བོ་ཀྲུང་གོའི་ས་གནས་ཁག་གི་སྤུས་ལེགས་ས་གདན་འགྲེམས་སྟོན་བྱ་རྒྱུ་གཙོ་བོར་བྱེད་པ། Cའགྲེམས་སྟོན་ཁང་ནི་ཁྱད་ལྡན་ཚོང་ཟོག་འགྲེམས་ཚོང་བྱ་རྒྱུ་ཡིན་པ་རེད།

རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་འགྲེམས་ཚོགས་དེ་གྲོང་ཁྱེར་ལྷོ་རྒྱུད་ཀྱི་མཚོ་སྔོན་རྒྱལ་སྤྱིའི་ཚོགས་འགྲེམས་ལྟེ་གནས་སུ་གཉེར་རྒྱུ་ཡིན་པ་དང་།འགོ་ཚུགས་མཛད་སྒོའི་རིམ་སྤེལ་བྱེད་སྒོ་ཕུད་ད་དུང“རྒྱུད་གཅིག་ལམ་གཅིག”(མཚོ་སྔོན)རྒྱལ་སྤྱིའི་སྐྱེ་ཁམས་ཐོན་ལས་འཕེལ་རྒྱས་གླེང་སྟེགས་དང་། བོད་ལུགས་གསོ་རིག་དང་བོད་སྨན་ཐོན་ལས་མཉམ་ལས་དང་འཕེལ་རྒྱས་གླེང་སྟེགས། རྒྱལ་མཚམས་སྒྲོལ་བའི་དྲ་ཐོག་ཚོང་དོན་དང་མཚོ་སྔོན་ཞིང་ཆེན་གྱི་དཔལ་འབྱོར་འཕེལ་རྒྱས་མཉམ་ལས་གླེང་སྟེགས། ཀྲུང་གོ་དང་ཕྱི་རྒྱལ་གྱི་གྲགས་ཅན་ཁེ་ལས་དང་མཚོ་སྔོན་གྱི་ཁེ་ལས་འབྲེལ་མཐུད་ཚོགས་འདུ་སོགས་ཀྱི་བྱེད་སྒོ་གཙོ་བོ་སྤེལ་ནས་མཉམ་ལས་སྤེལ་རེས་བྱས་པ་བརྒྱུད་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་འཕེལ་རྒྱས་ཀྱི་ཐབས་ལམ་གསར་པ་འཚོལ་ཞིབ་བྱ་རྒྱུ་ཡིན་པ་རེད།

ལོ་ཙཱ་བ། ཤ་མོ་འཚོ།