རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པས་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་བསྡུས།

རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པས་ཚེས་བཅུ་གཉིས་ཉིན་གྱི་སྔ་དྲོར། མི་དམངས་ཚོགས་ཁང་ཆེན་མོའི་ནང་ནས་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་བསྡུས་ཏེ། ཆེས་མཐོ་མི་དམངས་ཁྲིམས་ཁང་དང་ཆེས་མཐོ་མི་དམངས་ཞིབ་དཔྱོད་ཁང་གི་བྱ་བའི་སྙན་ཞུར་ཉན་ནས་གྲོས་ཞིབ་བྱས།

ཞི་ཅིན་ཕིང་དང་ལིས་ཁི་ཆང་། ལིས་ཀྲན་ཧྲུའུ། ཝང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལི་ཅི། ཧན་ཀྲིན། ཝང་ཆི་ཧྲན་སོགས་ཚོགས་འདུར་ཞུགས།

ཆེས་མཐོ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་ཀྲིག་ཆང་གིས་ཕྱོགས་བདུན་གྱི་ཐད་ནས་ཉིས་སྟོང་བཅོ་བརྒྱད་ལོའི་བྱ་བ་གཙོ་བོའི་སྙན་ཞུ་ཕུལ། གཅིག་ནས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློར་སློབ་སྦྱོང་མཐར་ཕྱིན་དང་ལག་ལེན་དོན་འཁྱོལ་བྱས་ནས། ཏང་གི་མི་དམངས་ཁྲིམས་ཁང་བྱ་བའི་གཅིག་བསྡུས་འགོ་ཁྲིད་རྒྱུན་འཁྱོངས་ལེགས་པོ་བྱས་ཡོད། གཉིས་ནས་ཁྲིམས་ལྟར་ནག་ཉེས་བྱ་བར་ཆད་པ་བཅད་དེ་མི་དམངས་ལ་སྲུང་སྐྱོབ་དང་། རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་བརྟན་འཇགས་ལ་སྲུང་སྐྱོབ་མཐའ་གཅིག་ཏུ་བྱས་ཡོད། གསུམ་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་དངོས་འབེབས་དོན་འཁྱོལ་བྱས་ཏེ། དཔལ་འབྱོར་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་བར་འགན་སྲུང་བྱས་ཡོད། བཞི་ནས་མི་དམངས་ལྟེ་བ་ཡིན་པའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། མི་དམངས་ཀྱི་ཁྲིམས་འཛིན་དགོས་མཁོ་ཚིམ་པར་འབད་འབུངས་བྱས་ཡོད། ལྔ་ནས་ཁྲིམས་འཛིན་ལམ་ལུགས་བཅོས་སྒྱུར་གཏིང་ཟབ་དུ་བཏང་བ་དང་། ཤེས་རབ་དང་ལྡན་པའི་ཁྲིམས་ཁང་འཛུགས་སྐྲུན་ལས་སྒོ་གཏིང་ཟབ་དུ་སྤེལ་ནས། འདྲི་གཅོད་མ་ལག་དང་འདྲི་གཅོད་ནུས་པ་དེང་རབས་ཅན་དུ་འཕེལ་བར་སྐུལ་འདེད་བཏང་ཡོད། དྲུག་ནས་ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པ་དང་ཁྲིམས་ཁང་བཅོས་སྐྱོང་ནན་མོ་བྱེད་པའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱས་ནས། མི་དམངས་ཀྱི་ཉམས་སད་ཐེག་ཐུབ་པའི་ཁྲིམས་ཁང་དཔུང་སྡེ་འཛུགས་སྐྲུན་བྱས་ཡོད། བདུན་ནས་རང་རྟོགས་སྒོས་ལྟ་སྐུལ་དང་ལེན་བྱས་ཏེ། ཁྲིམས་འཛིན་ལ་སྐུལ་འདེད་བཏང་ནས་དམངས་ཀྱི་ཆེད་དུ་ཁྲིམས་འཛིན་དྲང་གཞག་ཡོང་བར་བྱས་ཡོད།

ཀྲིག་ཆང་གིས་གཤམ་གསལ་ཕྱོགས་ལྔའི་ཐད་ནས་ཉིས་སྟོང་བཅུ་དགུ་ལོའི་བྱ་བའི་བཀོད་སྒྲིག་གི་སྙན་ཞུ་ཕུལ། གཅིག་ནས་ཐོག་མཐའ་བར་གསུམ་ཀུན་ཏུ་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློས་དྲག་ཆས་སྤྲས་ཏེ། ལག་ལེན་ལ་མཛུབ་སྟོན་དང་བྱ་བར་སྐུལ་འདེད་གཏོང་དགོས། གཉིས་ནས་འདྲི་གཅོད་འགན་ནུས་འདོན་སྤེལ་གང་ལེགས་བྱས་ཏེ། དཔལ་འབྱོར་རྒྱུན་མཐུད་བདེ་ཐང་ངང་འཕེལ་རྒྱས་འགྲོ་བ་དང་སྤྱི་ཚོགས་སྤྱིའི་བརྟན་འཇགས་བྱ་བར་ཞབས་འདེགས་འགན་སྲུང་བྱེད་དགོས། གསུམ་ནས་དམངས་ཀྱི་ཆེད་དུ་ཁྲིམས་འཛིན་པའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱས་ནས། མི་དམངས་མང་ཚོགས་ཀྱི་ཐོབ་འདོད་ཀྱི་འདུན་པ་དང་བདེ་སྐྱིད་ཀྱི་འདུན་པ། བདེ་འཇགས་ཀྱི་འདུན་པ་བཅས་སྔར་ལས་ཇེ་དྲག་ཏུ་གཏོང་དགོས། བཞི་ནས་དུས་རབས་གསར་བའི་བཅོས་སྒྱུར་སྒོ་འབྱེད་ཀྱི་དར་ཆ་མཐོ་རུ་བསྒྲེང་ནས། ཁྱོན་ཡོངས་ནས་ཁྲིམས་འཛིན་ལམ་ལུགས་བཅོས་སྒྱུར་ལས་སྒོ་གཏིང་ཟབ་དུ་སྤེལ་དགོས། ལྔ་ནས་གསར་བརྗེ་ཅན་དང་ཚད་ལྡན་ཅན། ཆེད་ལས་ཅན། ལས་རིགས་ཅན་བཅས་ཀྱི་དཔུང་སྡེ་འཛུགས་སྐྲུན་མགྱོགས་མྱུར་ངང་སྤེལ་ནས། ཏང་ཀྲུང་དབྱང་གི་བློ་འཁེལ་ཞིང་མི་དམངས་མང་ཚོགས་ཀྱི་ཡིད་ཚིམ་ཐུབ་པའི་ཁྲིམས་ཁང་གི་དཔུང་སྡེ་སྟོབས་དང་ལྡན་པ་ཞིག་འཛུགས་སྐྲུན་བྱེད་རྒྱུ་བཅས་རེད།

ཆེས་མཐོ་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོན་འགོ་བ་ཀྲང་ཅུན་གྱིས་གཤམ་གསལ་ཕྱོགས་ལྔའི་ཐད་ནས་ཉིས་སྟོང་བཅོ་བརྒྱད་ལོའི་བྱ་བ་གཙོ་བོའི་སྙན་ཞུ་ཕུལ། གཅིག་ནས་ཞིབ་དཔྱོད་འགན་ནུས་འདོན་སྤེལ་གང་ལེགས་བྱས་ཏེ། སྤྱི་ཡོངས་ལ་ཞབས་འདེགས་དང་དམངས་ཀྱི་ཆེད་དུ་ཁྲིམས་འཛིན་ལེགས་པོ་བྱས། གཉིས་ནས་གཏུག་བཤེར་བྱ་འགུལ་གྱི་བཅའ་ཁྲིམས་ལྟ་སྐུལ་བྱེད་ཤུགས་སྔར་ལས་ཇེ་དྲག་ཏུ་བཏང་ནས། ཁྲིམས་འཛིན་དྲང་གཞག་ཡིད་རྟོན་འཕེལ་བར་སྲུང་སྐྱོབ་བྱས། གསུམ་ནས་ཁྲིམས་ལྟར་སྤྱི་ཕན་གཏུག་བཤེར་ལས་སྒོ་གསར་སྤེལ་བྱས་ནས། སྤྱི་ཕན་བྱེད་སྒོ་ལག་བསྟར་བྱས་ནས་བླ་མེད་འགན་འཁྲིར་སྲུང་སྐྱོབ་བྱས། བཞི་ནས་ཞིབ་དཔྱོད་ལྟ་སྐུལ་བྱེད་ནུས་ཇེ་མཐོར་བཏང་སྟེ། དུས་རབས་གསར་བའི་སྔར་ལས་མཐོ་ཞིང་སྔར་ལས་གཟབ་ནན་ཡིན་པའི་བླང་བྱར་རུང་བསྟུན་བྱས། ལྔ་ནས་མི་དམངས་ཀྱི་ལྟ་སྐུལ་དང་ལེན་བྱས་ཏེ། ཞིབ་དཔྱོད་འགན་དབང་ཚད་ལྡན་ཅན་གྱི་སྒོ་ནས་འཁོར་རྒྱུག་བྱེད་པར་འགན་སྲུང་བྱས་ཡོད་ཟེར།

ཀྲང་ཅུན་གྱིས་ཉིས་སྟོང་བཅུ་དགུ་ལོའི་ཞིབ་དཔྱོད་བྱ་བ་བཟང་བོར་བསྒྲུབ་པའི་གནད་འགག་ནི། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློ་ཁྲིད་སྟོན་དུ་འཛིན་རྒྱུ་དང་། ཆེས་རྩ་བའི་རྩ་བར་གྱུར་བ་ནི་མི་དམངས་ལྟེ་བ་ཡིན་པའི་བྱེད་ཕྱོགས་རྒྱུན་འཁྱོངས་དང་། བརྟན་འཇགས་ཀྱི་ཁྲོད་ནས་འཕེལ་རྒྱས་ལ་བརྩོན་པའི་བྱེད་ཕྱོགས་གཙོ་བོ་རྒྱུན་འཁྱོངས་བྱེད་རྒྱུ་ཡིན་ལ། གཅིག་ནས་བརྟན་འཇགས་ཀྱི་ཁྲོད་ནས་འཕེལ་རྒྱས་ལ་བརྩོན་པའི་སྤྱིའི་བྱེད་ཕྱོགས་ལ་གོ་བ་ཡང་དག་འདྲོངས་པར་བྱས་ཏེ། ཁྲིམས་ལྟར་དཔལ་འབྱོར་དང་སྤྱི་ཚོགས་བརྟན་འཇགས་བདེ་ཐང་ངང་འཕེལ་རྒྱས་འགྲོ་བར་འགན་སྲུང་བྱེད་དགོས། གཉིས་ནས་དངོས་འབེབས་བྱ་བའི་དོན་སྙིང་གལ་ཆེན་ལ་གོ་བ་ཡང་དག་འདྲོངས་པར་བྱས་ཏེ། བཀོད་སྒྲིག་གལ་ཆེན་དངོས་འབེབས་དོན་འཁྱོལ་ཡོང་བར་སྐུལ་འདེད་གཏོང་དགོས། གསུམ་ནས་སྔར་ལས་ཇེ་མཐོར་གཏོད་པའི་དམིགས་འབེན་ལ་གོ་བ་ཡང་དག་འདྲོངས་པར་བྱས་ཏེ། དུས་རབས་གསར་བའི་ཞིབ་དཔྱོད་བྱ་བར་རྣམ་པ་གསར་བ་དང་བྱེད་ཕྱོགས་གསར་བ་ལྡན་དགོས་ཟེར།

ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི། ལག་བསྟར་ཀྲུའུ་ཞི་ཨེ་ལིས་ཀིན་ཡུས་མེན་པཱ་ཧེ་ཡིས་གྲོས་ཚོགས་ལ་འགོ་འཛིན་བྱས།