རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱིས་གསར་འགོད་པའི་ཚོགས་འདུ་ཐེངས་གཉིས་བསྡུས་པ།

ཟླ་གསུམ་པའི་ཚེས་དྲུག་ཉིན། རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱིས་གསར་འགོད་པའི་ཚོགས་འདུ་ཐེངས་གཉིས་བསྡུས་ཏེ། རྒྱལ་ཁབ་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་འགན་འཁུར་བ་དང་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་འགས་རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པའི་དྲི་བར་ལན་བཏབ།

རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པས་བསྡུས་པའི་གསར་འགོད་པའི་ཚོགས་ཐོག་ཏུ་ད་ལོའི་ཀྲུང་གོའི་དཔལ་འབྱོར་གནས་བབ་སྐོར་གྱི་གནས་དོན་ཐད་ནས་རྒྱལ་ཁབ་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་འགན་འཁུར་བས་བཤད་རྒྱུར། ད་ལོར་ཀྲུང་གོའི་དཔལ་འབྱོར་གནས་བབ་སྤྱིར་བཏང་དུ་བརྟན་བརླིང་ཡིན་ལ། བརྟན་འཇགས་ཁྲོད་དུ་འགྱུར་ལྡོག་ཡོད་པ་དང་འགྱུར་ལྡོག་ཁྲོད་དུ་དཀའ་ཁག་ཡོད་ནའང་། སྤྱིའི་འཕེལ་ཕྱོགས་ད་དུང་བརྟན་འཇགས་ཁྲོད་དུ་འཕེལ་རྒྱས་སུ་འགྲོ་བཞིན་ཡོད་ཟེར། ཀུན་གྱིས་སེམས་ཁུར་བྱེད་པའི་རྒྱལ་ནང་ཚོར་ར་སྔར་ལས་སྟོབས་ལྡན་དུ་འགྱུར་བར་ཅི་ལྟར་སྐུལ་འདེད་གཏོང་བའི་ཐད་ནས་རྒྱལ་ཁབ་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་འགན་འཁུར་བས་བཤད་རྒྱུར། ཀྲུང་གོ་རུ་སྟོབས་དང་ལྡན་པའི་རྒྱལ་ནང་ཚོང་ར་ཆགས་པར་དགོས་གལ་ཆེ་ལ། མིག་སྔར་རྒྱལ་ཁབ་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་འབྲེལ་ཡོད་ལས་ཁུངས་དང་མཉམ་དུ་ཁྱབ་ཁོངས་གཙོ་བོ་བརྒྱད་ལ་དམིགས་ཏེ། སྟོབས་དང་ལྡན་པའི་རྒྱལ་ནང་ཚོང་ར་ཆགས་པར་སྐུལ་འདེད་གཏོང་བའི་སྲིད་ཇུས་དང་བྱེད་ཐབས་ལ་ཞིབ་འཇུག་དང་གཏན་འཁེལ་བྱས་ཟེར། དམངས་གཉེར་ཁེ་ལས་ཀྱི་འཕེལ་རྒྱས་ལ་ཅི་ལྟར་རྒྱབ་སྐྱོར་བྱེད་པའི་གནད་དོན་ལ་དམིགས་ཏེ། རྒྱལ་ཁབ་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོས་མི་སྣས་བཤད་རྒྱུར། གོ་རིམ་རྗེས་མར་གཙོ་བོ་དཔྱ་ཁྲལ་ཇེ་ཉུང་དང་འགྲོ་སོང་ཇེ་དམའ་རུ་གཏོང་བའི་སྲིད་ཇུས་དངོས་འབེབས་བྱེད་པ་དང་ཁེ་ལས་འབྲིང་ཆུང་གིས་དངུལ་བསྡུ་དཀའ་བ་དང་དངུལ་བསྡུའི་མ་རྩ་མཐོ་བའི་གནད་དོན་ཐག་གཅོད་པ་སོགས་ཀྱི་བྱ་བར་རོགས་རམ་བྱེད་རྒྱུ་ཡིན་ཟེར།

རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པས་བསྡུས་པའི་གསར་འགོད་པའི་ཚོགས་ཐོག་ཏུ་སྲིད་གྲོས་ཨུ་ཡོན་ལྔ་ཡིས་ཚོར་གཉེར་ཁོར་ཡུག་ལེགས་སྒྱུར་དང་དམངས་གཉེར་དཔལ་འབྱོར་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བའི་ཐད་ནས་གསར་འགོད་པའི་དྲི་བར་ལན་བཏབ། དམངས་གཉེར་ཁེ་ལས་ཀྱི་ཡིད་ཆེས་ཅི་ལྟར་ཇེ་བརྟན་དུ་གཏོང་བའི་གནད་དོན་སྐོར་ནས་ལིག་ཧྲི་ཅིན་གྱིས་བཤད་རྒྱུར། དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་ན་སྲིད་ཇུས་ལ་བརྟེན་དགོས་པ་དང་ཁྲིམས་སྐྱོང་ལ་ཡང་བརྟེན་དགོས་ལ། འདྲ་མཉམ་ལ་སྐུལ་འདེད་ཡང་གཏོང་དགོས་ཟེར། དམངས་གཉེར་ཁེ་ལས་ཀྱི་དངུལ་བསྡུ་དཀའ་བ་དང་དངུལ་བསྡུའི་མ་རྩ་མཐོ་བའི་གནད་དོན་ཐད་ནས་ཨུ་ཡོན་ཡེ་ཆིན་གྱིས་དངུལ་རྩ་ལས་ཁུངས་དང་དངུལ་ཁང་གིས་དམངས་གཉེར་ཁེ་ལས་ཀྱི་དངུལ་བསྡུའི་ཐོན་རྫས་ཇེ་མང་དུ་གཏོང་བ་དང་ཡུལ་བབ་དང་བསྟུན་ནས་དངུལ་བསྡུའི་ཐོན་རྫས་ཞིབ་ཕྲ་སྒོས་བསྒྲུབ་དགོས་ལ། དེ་དང་མཉམ་དུ་ཁེ་ལས་ཆུང་བར་དངུལ་བུན་གཏོང་བ་དང་མཛུབ་སྟོན་བྱེད་དགོས་པའི་བསམ་ཚུལ་བཏོན།

ལོ་ཙཱ་བ།རྟ་མགྲིན་དཔལ།