རང་རེའི་ཞིང་ཆེན་གྱི་ལྷ་རིས་མཁན་པོ་སྐལ་བཟང་ལགས་ལོ་འདིའི“རྒྱལ་ཆེན་བཟོ་བོ”ཡི་འོས་མིར་ཚུད་ཡོད་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཀྲུང་ཧྭའི་རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་དང་། ཀྲུང་དབྱང་རླུང་བརྙན་འཕྲིན་སྤྱི་ཁྱབ་ཁང་གཉིས་ཀྱིས་མཉམ་འབྲེལ་ཐོག་སྤེལ་བའི2018ལོའི“རྒྱལ་ཆེན་བཟོ་བོའི”བྱེད་སྒོའི་ཐོག2018ལོའི“རྒྱལ་ཆེན་བཟོ་བོ”རུ་འདེམས་པའི་འོས་མི50ཡོངས་བསྒྲགས་བྱས་པ་དང་། རང་རེའི་ཞིང་ཆེན་གྱི་ལྷ་རིས་མཁན་པོ་སྐལ་བཟང་ལགས་མིང་ཐོ་དེའི་ཁྲོད་ཚུད་ཡོད་པ་རེད།

ཤེས་གསལ་ལྟར་ན། སྐལ་བཟང་གིས་རེབ་གོང་རིག་གནས་སྒྱུ་རྩལ་འཛིན་སྐྱོང་སྤེལ་གསུམ་ལ་དོ་ཁུར་ཆེན་པོ་བྱས་ཏེ། ཕ་ཡུལ་ནས་སྔ་གཞུག་ཏུ་དབུལ་པོའི་བུ་ཕྲུག1000ལྷག་སྐྱེད་སྲིང་བྱས་ཤིང་། བྱིས་པ་དེ་དག་ལ་ལག་རྩལ་སྣ་གཅིག་རེ་ཁྲིད་དེ་རེབ་གོང་སྒྱུ་རྩལ་གྱི་རྒྱུད་འཛིན་པ་སྐོར་ཞིག་ཏུ་སྐྱེད་སྲིང་བྱས། དེ་མིན་ཁོང་གིས་མཚོ་སྔོན་ཞིང་ཆེན་གྱི་ཞིང་འབྲོག་བཟོ་པའི་བཟོ་ཚོགས་ཤིག་བཙུགས་ཏེ་ཞིང་འབྲོག་བཟོ་པའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་ལེགས་པོ་དང་ཁེ་ཕན་ལ་བརྩོན་ལེན་ཧུར་ཐག་བྱས་ཤིང་། ད་སྔ་བཟོ་ཚོགས་ལ་ཚོགས་མི500ལྷག་ཡོད་པ་རེད། ད་བར་དུ་ཁོང་ལ་རྒྱལ་ཡོངས་ངལ་རྩོད་དཔེ་བཟང་ཅན་དང་རྒྱལ་ཡོངས་ཀྱི་ལྔ་གཅིག་ངལ་རྩོད་བྱ་དགའ། ཞིང་ཆེན་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་རྒྱུད་འཛིན་པ་བཅས་ཀྱི་གཟེངས་རྟགས་དང་མཚན་སྙན་ཐོབ་ཡོད་པ་རེད། ཐེངས་འདིར་ཡོངས་བསྒྲགས་བྱས་པའི“རྒྱལ་ཆེན་བཟོ་བོའི”འོས་འདེམས་མི་སྣ་ལྔ་བཅུ་བོ་ནི། གློག་ཤུགས་དང་། མཐོ་རིམ་ལྕགས་ལམ་བཟོ་སྐྲུན། རླངས་འཁོར་བཟོ་སྐྲུན། མཁའ་འགྲུལ་མཁའ་སྐྱོད། རྡོ་སྣུམ་རྫས་འགྱུར་བཟོ་ལས། ལྕགས་ལམ་འགྲིམ་འགྲུལ། བཟོ་སྐྲུན་འཛུགས་སྐྲུན། ངར་ལྕགས་བཞུ་སྦྱང་སོགས་ལས་རིགས་ནས་ཡོང་བ་ཡིན་ཞིང་། གཙོ་བོ་སྐམ་འཛིན་བཟོ་པ་དང་། གློག་ལས་བཟོ་པ། ཚ་ལ་རྒྱག་མཁན་གྱི་བཟོ་པ། འཁོར་རིགས་བཟོ་པ་སོགས་འདུས་པ་མ་ཟད། ཕོ་མོ་དང་མི་རིགས་སོགས་ལ་དབྱེ་བ་མེད་པས་རྒྱ་ཁྱབ་རང་བཞིན་དང་ཚབ་མཚོན་རང་བཞིན། སྣ་མང་རང་བཞིན་བཅས་ཀྱི་ཁྱད་ཆོས་ལྡན།

འོས་མི་དེ་དག་གི་ཁྲོད་མེ་ཤུགས་འཕུར་མདེལ་སྒུལ་ཆས་ཚ་སྦྱོར་གྱི་བཟོ་པ་དང་། མཐོ་གནོན་མཐོན་ཤོས་ཀྱི་གློག་ལྡན་ཉམས་ཞིག་བཟོ་པ། རིག་དངོས་ཞིག་གསོ་ཡི་ལས་དངོས་ལ་བརྩེ་གཅིག་ཏུ་གཞོལ་མཁན་གྱི་འཇོན་མི། བྱེ་ཐང་གི་རྡོ་སྣུམ་བརྟན་སྲུང་བྱེད་མཁན“ས་གནས་གསར་གཏོད་པ”། ཟླ་བའི་ལྷ་མོ་རྟགས་ཅན་གྱི་ཟླ་དཔྱད་གསར་གཏོད་དང་། བྱང་སྐར་ལམ་སྟོན་གྱི་གསར་གཏོད་ལ་སོགས་རྒྱལ་ཁབ་ཀྱི་གནད་ཆེ་ལས་གཞི་ལ་ལེགས་རྗེས་མི་དམན་པ་བཞག་པའི་ཁྱད་འཕགས་ལག་རྩལ་མཁན་པོ་སོགས་ཡོད་ཅིང་། བཟོ་པ་དེ་དག་གི་ལག་རྩལ་རྩེར་སོན་ཞིང་ཐབས་མཁས་ཁྱད་དུ་འཕགས་ལ། རྒྱལ་ཁབ་དང་ཕ་ཡུལ་ལ་བཅིངས་བའི་བརྩེ་བ་ཆེན་པོ་ཀུན་ནས་ལྡན་པས། དུས་རབས་གསར་པའི་ངལ་རྩོལ་པ་རྣམས་ཀྱི་དཔེ་མཚོན་དུ་འདྲེན་འོས་སོ། །

ཁོན་ཐར་འཚོས་བསྒྱུར།