མཚོ་ནུབ་ཁུལ་གྱི་མི་རིགས་གླུ་གར་ཚོགས་པས་གཡུར་ཟའི་གྲུབ་འབྲས་བླངས་པ།

   མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། ཉེ་ཆར། མཚོ་སྔོན་ཞིང་ཆེན་གྱིས་སྒྱུར་བཅོས་སྒོ་འབྱེད་བྱས་ནས་ལོ་འཁོར40ལོན་པར་དྲན་གསོ་ཞུ་ཆེད། གསར་རྩོམ་ཞབས་བྲོ་རྩེ་གྲའི་འགྲེམས་སྟོན་དང་གསར་རྩོམ་ཞབས་བྲོ་འགྲན་སྡུར་ཆེན་མོའི་བྱ་དགའ་སྤྲོད་པའི་མཛད་སྒོ་དེ་མཚོ་སྔོན་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་ཀྱི་འཁྲབ་གཏོང་ཚོམས་ཆེན་ནང་གཉེར་ཞིང་། མཚོ་ནུབ་ཁུལ་གྱི་མི་རིགས་གླུ་གར་ཚོགས་པའི་ཞབས་བྲོ《ལྟ་སྲུང་བྱེད་པའི་རྒན་རབས》ལ་ཆེད་ལས་ཚོ་ཆུང་གི་ཨང་གཉིས་པའི་བྱ་དགའ་ཐོབ་པ་དང་། ཞབས་བྲོ《ཞིང་ལས་བྱེད་པ》དང《ན་ཏ་མུའུ་ཉམས་འགྱུར》གཉིས་ལ་ཆེད་ལས་ཚོ་ཆུང་གི་ཕུལ་བྱུང་བྱ་དགའ་ཐོབ་པ་རེད།

   ཐེངས་འདིའི་གསར་རྩོམ་ཞབས་བྲོ་འགྲན་སྡུར་ཆེན་པོ་དེ་ཞིང་ཆེན་ཏང་ཨུའི་དྲིལ་བསྒྲགས་པུའུ་དང་། ཞིང་ཆེན་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས། ཞིང་ཆེན་རིག་གནས་དང་གསར་འགྱུར་དཔེ་སྐྲུན་ཐིང་། ཞིང་ཆེན་སློབ་གསོ་ཐིང་དང་མཚོ་སྔོན་ཞིང་ཆེན་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་བཅས་ཀྱིས་མཉམ་འབྲེལ་ཐོག་གཙོ་གཉེར་བྱས་པའི་རང་ཞིང་གི་ཞབས་བྲོའི་ཁྱབ་ཁོངས་ཀྱི་ཆེས་མཐོ་བའི་འགྲན་སྡུར་ཞིག་ཡིན་ཞིང་། བརྩམས་ཆོས་གསར་གཏོད་ཀྱི་སྙིང་སྟོབས་དང་དུས་རབས་ཀྱི་དོན་སྙིང་། ཁྲིད་སྟོན་རང་བཞིན་ཅུང་ཆེན་པོ་ལྡན་པ་དང་། དཔེ་སྟོན་རང་བཞིན་དང་དབང་གྲགས་རང་བཞིན་ལྡན་པར་དམིགས་བསལ་གྱིས་གཙོར་འཛིན་ཞིང་། ཞབས་བྲོའི་བརྩམས་ཆོས་དང་འཁྲབ་སྟོན་པའི་སྒྱུ་རྩལ་གྱི་ཆུ་ཚད་ཕྱོགས་ཡོངས་ནས་རྟོག་ཞིབ་བྱས་ཆོག་ལ། དེའི་དམིགས་ཡུལ་ནི་ཕུལ་ཏུ་བྱུང་བའི་གསར་རྩོམ་དང་ཕུལ་བྱུང་འཁྲབ་སྟོན་པ་ཤེས་པ་དང་བསྔགས་བསྐུལ་བྱ་རྒྱུ་ཡིན་པ་མ་ཟད། རང་ཞིང་གི་ཞབས་བྲོ་སྒྱུ་རྩལ་འཕེལ་རྒྱས་ཆེན་པོ་དང་དར་རྒྱས་ཆེན་པོ་ཡོང་བར་སྐུལ་འདེད་གཏོང་བ་ཡང་རེད། བྱ་དགའ་ཐོབ་པའི་འཁྲབ་སྟོན་ལས་གཞན། ཁུལ་གླུ་གར་ཚོགས་པས་ད་དུང་ཞབས་བྲོ《མཐོ་སྒང་གི་བུ་མོ》དང《མཚོ་ངོགས》《དར་གོས་ལམ་བུའི་བསམ་ཚུལ》བཅས་འཁྲབ་སྟོན་བྱས་ཤིང་། འཁྲབ་སྟོན་པ་ཚོས་བསམ་བློའི་རྣམ་པ་ཡག་པོ་དང་བྱང་ཆུབ་པའི་འཁྲབ་རྩལ་གྱིས་དཔྱད་འདེམས་པ་དང་ལྟད་མོ་བ་རྣམས་ལ་བག་ཆགས་ཟབ་མོ་བཞག་པ་རེད།

ལོ་ཙཱ་བ། ཡེ་ཤེས་སྒྲོལ་མ།