གཏེར་ལམ་རྫོང་སྤྱི་བདེ་ཅུའུ་ཡིས་ཚད་མི་འདྲ་བ་བཞིའི་སྒོ་ནས་འགྲིམ་འགྲུལ་གཞུང་ལམ་སྟེང་གི་ཁངས་དར་གཙང་ཕྱགས་བྱས་ཏེ་བདེ་འཇགས་ལ་ཁག་ཐེག་བྱས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། ཟླ11པའི་ཚེས3ཉིན་ནས་བཟུང་གཏེར་ལམ་རྫོང་དུ་ཁ་བ་འཕྲོ་རིམ་འཕྲོར་བབས་པ་དང་མངའ་ཁོངས་དེའི་རྒྱལ་ཁབ་ཀྱི་གཞུང་ལམ109 ཚྭ་ཁ་ནས་ན་གོར་མོ། གཏེར་ལེན་ཁ་ནས་ཞིང་སྡེ། ཞིང་སྡེ་ནས་མཛོ་རྒན་ར་བར་མྱུར་བགྲོད་གཞུང་ལམ་ཧྲིལ་བོའི་སྟེང་དུ་ཁངས་དར་ཆགས་ཡོད་པས་རླངས་འཁོར་གྱི་འགྲོ་འོངས་བདེ་འཇགས་ཐད་ལ་ཤུགས་རྐྱེན་ཚབས་ཆེན་ཐེབས་པ་རེད། ཉིན་འདི་དག་གི་རིང་ལ་གཏེར་ལམ་རྫོང་སྤྱི་བདེ་ཅུའུ་ཡིས་ཁ་བའི་གནས་ཚུལ་དེ་ཉེན་ཟོན་གྱི་གནས་ཚུལ་གཙོ་བོར་བཟུང་སྟེ་ཁངས་འགོག་འཐབ་ཇུས་རྒྱུན་འཁྱོངས་བྱས་ཤིང་། ནུས་ཤུགས་གང་ཡོད་སྒོས་རང་གི་མངའ་ཁོངས་སུ་འགྲིམ་འགྲུལ་དོན་རྐྱེན་མི་འབྱུང་བར་ཁག་ཐེག་བྱས་ཏེ། ཁ་བ་བབས་པའི་གནམ་གཤིས་ཀྱི་དབང་གིས་བྱུང་བའི་ཉེན་ཟོན་འགྲིམ་འགྲུལ་དོན་རྐྱེན་ཁ་གྲངས་དང་བདེ་འཇགས་བྱ་བའི་འགལ་རྐྱེན་གྱི་ཉེན་ཁ་ཇེ་ཆུང་དུ་བཏང་བ་རེད།

ཚད་མཐོའི་འགན་འཁྲིའི་འདུ་ཤེས་བརྟན་པོར་བཟུང་སྟེ་གནམ་གཤིས་མི་ལེགས་པོའི་ཤུགས་རྐྱེན་འོག་ཏུ་འགྲིམ་འགྲུལ་བདག་དོམ་ལ་བབ་བསྟུན་ཐག་གཅོད་བྱས་ཤིང་། འགྲིམ་འགྲུལ་ཉེན་རྟོག་པ་ཡོད་ཚད་གཞུང་ལམ་སྟེང་བསྐྱོད་དེ་སྐོར་གཡེང་བྱས་ཤིང་། མངགས་གཏོང་ཁང་གི་རམ་འདེགས་ཆེན་པོའི་འོག་དུས་ཚོད24ཡི་རིང་ལ་ལམ་བརྟན་སྲུང་བྱས་ཤིང་། ནན་ཏན་སྒོས་འགྲིམ་འགྲུལ་ཐད་ལ་བཀོད་འདོམས་དང་ཉེན་ཟོན་གནད་དོན་སོགས་ཐག་གཅོད་གང་ལེགས་བྱས་པ་རེད། ཅུའུ་དེའི་འགོ་ཁྲིད་ཀྱི་སྣེ་ཁྲིད་འོག་ནམ་རྒྱུན་མཚན་མོར་དམངས་དམག་ཉེན་རྟོག་པའི་ལས་རེས་གནས་སུ་སོང་སྟེ་རླངས་འཁོར་འདུག་ས་དང་ངལ་གསོ་ས་ཁུལ་གྱི་ལམ་རྒྱུད་གཙོ་བོ་དག་ལ་ལྟ་སྐུལ་ཚད་ལེན་ངེས་ཅན་དང་གཞུང་ལམ་སྐོར་གཡེང་བྱ་བ་ལེགས་པོར་སྒྲུབ།

དེ་ཡང་བྱ་བའི་ཤུགས་དྲག་པོའི་ཚད་གཞི་ཆེས་ཆེར་བཏང་ཞིང་འབད་འབུངས་ལ་རྒྱུན་འཁྱོངས་བྱས་ཏེ་གཞུང་ལམ་དམ་སྲུང་ནན་མོ་བྱས། དེ་ཡང་རླངས་འཁོར་གྱི་འགྲོ་འོངས་ཁ་གཏོར་ཅན་དང་དབྱེ་བགོས་བདག་དོམ་ཚོད་འཛིན་གཙོ་བོར་བཟུང་སྟེ་གང་མགྱོགས་སྒོས་ཁངས་དར་ཆགས་པའི་ལམ་རྒྱུད་གཙོ་བོ་དག་ལ་ཁངས་བཞུ་བའི་ཁངས་ཆབ་བཤེར་རྩི་གཏོར། གཞུང་ལམ་ཞིག་གསོ་དང་འགེབས་སྲུང་སོགས་ལས་ཁུངས་དག་ལ་མཉམ་འབྲེལ་སྒོས་ཁངས་ཕྱགས་པ་དང་དར་འདྲད་པའི་བྱེད་སྒོ་སྤེལ་ནས་ཁ་བ་འབབ་པའི་གནམ་གཤིས་འོག་མང་ཚོགས་ཀྱི་འགྲོ་སྐྱོད་ལ་ཉེན་ཁ་ཆེ་བའི་ཚད་གཞི་ཇེ་དམའ་རུ་གཏོང་ཅི་ཐུབ་བྱས་པ་རེད།

དེ་ཡང་བརྩེ་སེམས་དྲོན་མོར་བརྟེན་ནས་ཁ་ལོ་བ་དག་གི་འགྲོ་སྐྱོད་ལ་འགན་བཅོལ་དང་བདེ་འཇགས་བྱ་བ་སྒྲུབ་པ། རྒྱང་རིང་ལ་འགྲོ་འོངས་བྱེད་པའི་རླངས་འཁོར་དག་འདུག་ཏུ་བཅུག་ཤིང་ཁ་ལོ་བ་ལ་བཟའ་བཏུང་ཅི་ཡང་མེད་པའི་དོན་དངོས་གནས་ཚུལ་དེར་འགན་སྲུང་བྱེད་ཆེད་རྫོང་ཏང་ཨུའི་ཧྲུའུ་ཅི་གཞོན་པ་འཕགས་པ་ཐར་དང་རྫོང་དཔོན་གཞོན་པ་ཧྥན་བཙུན་ཀྲི་སོགས་རྫོང་རིམ་པའི་འགོ་ཁྲིད་དག་གིས་རུ་དཔུང་གི་སྣེ་ཁྲིད་དེ་རྒྱལ་ལམ109ཡི་ལམ་རྒྱུད་ཀྱི་འོམ་ཆུ་དང་ཤར་རི། ཏུའུ་ཐང་བདུན་པ། ཝུའུ་ལན་རི་བོ་སོགས་ཀྱི་ལམ་རྒྱུད་ལ་འགྲིམ་འགྲུལ་ཉེན་རྟོག་པ་དང་གཞུང་ལམ་བདེ་སྲུང་ལས་ཁུངས་སོགས་ཀྱི་མི་སྣས་ཁངས་ཕྱགས་པ་དང་དར་འདྲད་པའི་འགྲིམ་འགྲུལ་གཞུང་ལམ་ཐད་ཀྱི་བདག་དོམ་གནས་ཚུལ་སྤེལ། དེ་མིན་རླངས་འཁོར་ཁ་ལོ་བའི་སེམས་ཁམས་ལ་སེམས་གསོ་བྱས། དེ་མིན་དམངས་སྲིད་ལས་ཁུངས་ཀྱིས་རླངས་འཁོར་ཁ་ལོ་བ་དག་ལ་བཟའ་བཏུང་འདོན་སྤྲོད་བྱས། འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་དང་གཞི་རིམ་མངགས་གཏོང་ཁང་གི་འབྲེལ་ཡོད་ལས་ཀ་སྒྲུབ་པའི་བརྒྱུད་རིམ་ཁྲོད་འགྲོ་འོངས་བྱེད་བཞིན་པའི་རླངས་འཁོར་ཁ་ལོ་བ་དག་ལ་གང་ནུས་ཀྱིས་རོགས་རམ་འདོན་སྤྲོད་གང་ལེགས་བྱས་པ་རེད།

འགྲིམ་འགྲུལ་ཉེན་རྟོག་པའི་སྔོན་འགོག་བྱ་བའི་ཚད་གཞི་ཆེས་ཆེར་བཏང་སྟེ་ཉེན་ཟོན་སྔོན་འགོག་གསལ་འདེབས་དང་འགྲིམ་འགྲུལ་བདེ་འཇགས་དྲིལ་སྒྲོག་ཟུང་འབྲེལ་བྱེད་པར་རྒྱུན་འཁྱོངས་ཀྱིས་མངའ་ཁོངས་དེའི་མང་ཚོགས་དང་འགྲོ་འོངས་བྱེད་བཞིན་པའི་ཁ་ལོ་བ་དག་ལ་གནམ་གཤིས་དང་ལམ་གྱི་གནས་ཚུལ་རྒྱུས་ལོན་གསལ་བོ་བྱེད་དུ་བཅུག་པ་རེད།

ད་ལྟའི་བར་གཏེར་ལམ་རྫོང་གི་མངའ་ཁོངས་གཞུང་ལམ་འགྲིམ་འགྲུལ་གྱི་སྤྱིའི་བརྟན་འཇགས་ལ་ཚོད་འཛིན་ངེས་ཅན་ཞིག་ཐེབས་པའི་དབང་གིས་འགྲིམ་འགྲུལ་དོན་རྐྱེན་ཆེན་པོ་ཅི་ཡང་བྱུང་མེད།

ལོ་ཙཱ་བ། ལྷ་དཔལ་སྐྱབས།