མཚོ་ནུབ་ཁུལ་གྱིས་རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་དཀར་ཆག་ལས་སོག་རིགས་ཀྱི་དམངས་གཞས་གསབ་སྦྱོང་འཛིན་གྲྭ་བསྡུས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། ཚོགས་འདུའི་ཡུལ་དངོས་སུ་སོག་རིགས་ཀྱི་དམངས་གཞས་ལེན་པའི་གླུ་གྲགས་བཞིན་ཡོད་ལ། ལུས་ལ་སོག་རིགས་ཀྱི་གྱོན་ཆས་གྱོན་མཁན་སྐོར་ཞིག་གཟབ་རྒྱས་ངང་གར་སྟེགས་སྟེང་དུ་མངོན་ཐོན། ངོ་གདོང་འཛུམ་གྱིས་ཁེངས་པའི་སྤྲོ་སྣང་དག་གིས་ཕན་ཚུན་བར་ལ་བསམ་བློ་བརྗེ་རེས་བྱེད་བཞིན་ཡོད། འདི་ནི་ཟླ11པའི་ཚེས7ཉིན་སྤེལ་བའི་མཚོ་ནུབ་ཁུལ་རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་དཀར་ཆག་ཁྲོད་སོག་རིགས་ཀྱི་དམངས་གཞས་གསབ་སྦྱོང་འཛིན་གྲྭ་ཐོག་མ་སྤེལ་བའི་མཛད་སྒོའི་ཡུལ་དངོས་ཡིན།

ཁུལ་ཡོངས་ཀྱི་ས་ཁུལ་སོ་སོ་ནས་འོངས་བའི་རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་གི་རྣམ་གྲངས་ལས་སོག་རིགས་ཀྱི་དམངས་གཞས་རྒྱུན་འཛིན་པ་དང་སོག་པོའི་དམངས་གཞས་ལ་དགའ་མོས་ཆེ་བའི་མི་སྣ་བཅས་ཁྱོན་བསྡོམས་མི་གྲངས43ཐེངས་འདིའི་དུས་ཡུན་ཉིན3ཡིན་པའི་གསབ་སྦྱོང་ལ་ཞུགས་ཡོད་པ་རེད། གསབ་སྦྱོང་འཛིན་གྲྭ་དེར་ཞིང་ཆེན་ཕྱི་ནང་ན་སྐད་གྲགས་ཆེ་བའི་འབྲེལ་ཡོད་ཆེད་མཁས་པ་དང་ཤེས་ལྡན་མི་སྣ། ཆེད་ལས་དགེ་རྒན་ཆེན་མོ་བཅས་ཀྱིས་སློབ་ཁྲིད་བྱས་ཤིང་། ཆེད་དོན་བརྗོད་བྱའི་རྣམ་པ་སྤྱད་དེ་འཆད་ཁྲིད་དང་མཛུབ་སྟོན་ཟུང་འབྲེལ་གྱི་སྒོ་ནས་ཆེད་དོན་སློབ་ཁྲིད་ཀྱི་སོག་རིགས་དམངས་གཞས་འཕེལ་རྒྱས་ཀྱི་བརྒྱུད་རིམ་དང་གསར་རྩོམ། དམངས་གཞས་དང་མཉམ་ལེན་གྱི་ཐབས་ཤེས། དམངས་གཞས《སྟོན་ཚུགས》དང《ཀྲན་པུའུ་ཀྲུའུ》གཉིས་ཀྱི་ལེན་སྟངས་སློབ་པ། 《རྐ་གསར་ཐང་གི་རྩྭ་འཇག་མ》ཞེས་པ་མཉམ་ལེན་བྱེད་སྟངས་བསླབ་པ་རེད། གསབ་སྦྱོང་གི་སྐབས་སུ་སློབ་མ་མི་ཉུང་བ་ཞིག་གིས་རོལ་ཆས་བཟུང་ནས་ཁེངས་སྐྱུངས་ངང་དགེ་རྒན་གྱི་མདུན་དུ་སོང་ནས་མཛུབ་སྟོན་བྱེད་དུ་བཅུག་པ་རེད།

སློབ་ཁྲིད་དགེ་རྒན་ཡར་དགའ་ཡིས་བཤད་རྒྱུར། “ཐེངས་འདིའི་གསབ་སྦྱོང་བརྒྱུད་དམངས་གཞས་སྒྱུ་རྩལ་གྱི་འཕེལ་རྒྱས་མཐོར་འདེགས་སུ་གཏོང་ཐུབ་ལ། སྤྱི་ཚོགས་ཧྲིལ་བོའི་རིག་གནས་ཀྱི་ཤུལ་བཞག་ལ་སྲུང་སྐྱོབ་བྱེད་པའི་འདུ་ཤེས་ཡང་མཐོར་འདེགས་སུ་གཏོང་ཐུབ། དེ་མིན་རང་ཁུལ་གྱི་རྒྱལ་ཁབ་རིམ་པའི་གཟུགས་འདས་རིག་གནས་ཀྱི་ཤུལ་བཞག་རྣམ་གྲངས‘སོག་རིགས་ཀྱི་དམངས་གཞས’ཞེས་པ་དེ་རྒྱུན་འཛིན་དང་གསར་རྩོམ་བྱེད་ཐུབ། དེ་མིན་ཁུལ་ཡོངས་ཀྱི་སོག་རིགས་དམངས་གཞས་འཕེལ་རྒྱས་དང་དམངས་གཞས་ལ་དགའ་མོས་ཆེ་མཁན་དག་གི་དགའ་ཕྱོགས་སྐྱེད་བསྲིངས་ཀྱིས་མང་ཚོགས་ཀྱི་བསམ་བློའི་འཚོ་བ་ཡང་ཕུན་སུམ་ཚོགས་པར་བཏང་ཡོད”ཟེར།

ལོ་ཙཱ་བ། ལྷ་དཔལ་སྐྱབས།