མཚོ་ཤར་གྲོང་ཁྱེར་ཡ་རྫི་རྫོང་བིས་མདོ་བོད་རིགས་ཡུལ་ཚོས་གནའ་སྲོལ་ལེགས་བསྒྱུར་དང་ཞིང་གྲོང་འཚོ་སྡོད་ཁོར་ཡུག་ལེགས་བཅོས་སྐུལ་སློང་བཀོད་སྒྲིག་ཚོགས་ཆེན་བསྡུས་པ།

གསར་འགོད་པས་ཡུལ་དངོས་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཟླ 11པའི་ཚེས7ཉིན། མཚོ་ཤར་གྲོང་ཁྱེར་ཡ་རྫི་རྫོང་བིས་མདོ་བོད་རིགས་ཡུལ་ཚོས་གནའ་སྲོལ་ལེགས་བསྒྱུར་དང་ཞིང་གྲོང་འཚོ་སྡོད་ཁོར་ཡུག་ལོ་གསུམ་ལེགས་བཅོས་སྐུལ་སློང་བཀོད་སྒྲིག་ཚོགས་ཆེན་བསྡུས་པ་དང་། དེར་ཡུལ་ཚོའི་ཐད་གཏོགས་ལས་ཁུངས་སོ་སོའི་འགན་འཁུར་བ་དང་སྡེ་བ་སོ་སོའི་“ལྷན་ཁང་གཉིས”ཀྱི་འགན་འཁུར་མི་སྣ། དབུལ་སྐྱོར་གྱི་སྡེ་བར་སྡོད་པའི་“ཧྲུའུ་ཅི་དང་པོ”རྫོང་དམངས་ཆེན་གྱི་འཐུས་ཚབ་དང་རྫོང་སྲིད་གྲོས་ཀྱི་འཐུས་ཚབ། དགོན་སྡེ་སོ་སོའི་འཐུས་ཚབ་དང་ཞིང་བ་རྒན་པའི་འཐུས་ཚབ། བུད་མེད་འཐུས་ཚབ་སོགས་དང་། བིས་མདོ་ཡུལ་ཚོའི་ཏང་སྲིད་མགོ་ཁྲིད་ཚོགས་པའི་ཚོགས་མི་རྣམས་དང་རྫོང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་འགོ་ཁྲིད་སོགས་ཁྱོན་བསྡོམས་མི་གྲངས100ལྷག་ཞུགས་ཡོད་པ་རེད།

ཚོགས་རའི་ཡུལ་དངོས།

ཚོགས་ཆེན་སྟེང་གཙོ་བོར་གནའ་སྲོལ་ལེགས་བསྒྱུར་དང་ཞིང་གྲོང་འཚོ་སྡོད་ཁོར་ཡུག་ལོ་གསུམ་ལེགས་བཅོས་སྐུལ་སློང་བཀོད་སྒྲིག་བྱས་པ་དང་། དེར་ཞིང་ཆེན་དང་གྲོང་ཁྱེར། རྫོང་སོགས་ཀྱི་འབྲེལ་ཡོད་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་བྱས་ལ། 《བིས་མདོ་ཡུལ་ཚོའི་གནའ་སྲོལ་ལེགས་བསྒྱུར་སྐུལ་སྤེལ་དང་དཔལ་ཡོན་སྲོལ་བཟང་གསར་འཛུགས་བྱེད་པའི་ལག་བསྟར་བྱེད་གཞི》དང་《བིས་མདོ་ཡུལ་ཚོའི་ཞིང་གྲོང་འཚོ་སྡོད་ཁོར་ཡུག་ལོ་གསུམ་ལེགས་བཅོས་བྱ་འགུལ་གྱི་ལག་བསྟར་བྱེད་གཞི》གཉིས་ཁྱབ་སྤེལ་བྱས། ཚོགས་འདུའི་སྟེང་དུ་ལས་རིགས་སོ་སོའི་འཐུས་ཚབ་དག་གིས་གཏམ་བཤད་གནང་བ་དང་། ཚང་མས་གནའ་སྲོལ་ལེགས་བསྒྱུར་དང་ཞིང་གྲོང་འཚོ་སྡོད་ཁོར་ཡུག་ལོ་གསུམ་ལེགས་བཅོས་བྱེད་པའི་བྱ་འགུལ་སྤེལ་བ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིན་གྱི་གལ་ཆེའི་མཛུབ་སྟོན་གྱི་དགོངས་པ་དང་ཏང་གི་ཚོགས་ཆེན་སྐབས་བཅུ་དགུ་བའི་དགོངས་དོན་ལ་གཏིང་ཟབ་པའི་སློབ་སྦྱོང་བྱེད་པའི་མངོན་ཚུལ་གཙོ་བོ་ཞིག་ཡིན་པ་དང་། བིས་མདོ་ཡུལ་ཚོའི་ཨུ་ཡོན་ལྷན་ཁང་དང་སྲིད་གཞུང་། ལས་རིགས་སོ་སོ་ཁག་གིས་འབད་བརྩོན་བྱེད་ན། བིས་མདོ་ཡུལ་ཚོའི་སྤྱི་ཚོགས་མཁའ་དབུགས་སྔར་བས་ཇེ་ལེགས་སུ་སོང་ནས། སྤྱི་ཚོགས་རིང་ལུགས་ལྟེ་བའི་རིན་ཐང་ལྟ་བ་དེ་ཉིད་ཞིང་གྲོང་ནས་རྩ་བ་ཚུགས་ཤིང་རྩེ་མོ་རྒྱས་པར་སྐུལ་འདེད་བྱེད་སྲིད་པར་ཡིད་ཆེས་ཆེན་པོ་དང་ལྡན་ཞེས་བསྟན།

ཡུལ་ཚོ་དང་རྫོང་གི་དམངས་ཆེན་དང་སྲིད་གྲོས་ཀྱི་འཐུས་ཚབ།

དེ་ཡང་ཆོས་ལུགས་མི་སྣའི་འཐུས་ཚབས། གསོན་ཆོས་བཅའ་བ་དང་སྨྱུང་གནས་བསྲུང་བ་ནི་མ་གཞི་ནས་དགེ་སྒྲུབ་ཚོགས་བསགས་ཀྱི་ལས་མི་དམན་པ་ཞིག་ཡིན་ཞིང་། དེ་ནི་རང་ཉིད་ཀྱི་གཙོ་སེམས་དང་སྒྲིབ་སྦྱོང་ལ་རག་ལས་པའི་ཀུན་སྤྱོད་ཅིག་ཡིན་མོད། ད་ལྟའི་ཆར་མི་མང་པོ་ཞིག་གིས་ནི་ངང་ངམ་ཤུགས་ཀྱིས་ཕན་ཚུན་འགྲན་པ་ལྟ་བུའི་སྣང་ཚུལ་འབྱུང་གིན་ཡོད་པ་དང་། རྒྱས་སྤྲོས་རྒྱས་ཤོམ་བྱེད་ནས་དོན་མེད་ཆུད་ཟོས་སུ་གཏོང་བ་དང་རྩ་བའི་དགོངས་པ་དང་འགལ་འགྲོ་བཞིན་པ་གནས་ཚུལ་འདུག ཏང་དང་རྒྱལ་ཁབ་ཀྱིས་དེ་ལ་ཆེད་དོན་གྱི་ལག་བསྟར་བྱེད་ཐབས་བཏོན་པ་འདིས་ནུས་ལྡན་གྱི་སྒོ་ནས་དོན་དག་དེའི་རིགས་འབྱུང་བར་སྔོན་འགོག་བྱེད་ནུས་པ་དང་། བོད་ཀྱི་སྲོལ་རྒྱུན་གྱི་ཆོས་ལུགས་རིག་གནས་ལ་ཚད་ལྡན་དང་སྲུང་སྐྱོབ་བྱེད་པར་ཕན་ཡོད་ཀྱི་སྐུལ་འདེད་ནུས་པ་ཐོན་སྲིད་པས། ཆོས་ལུགས་མི་སྣ་དག་གིས་ཡུལ་ཚོ་སྲིད་གཞུང་གི་གནའ་སྲོལ་ལེགས་བསྒྱུར་དང་ཞིང་གྲོང་འཚོ་སྡོད་ཁོར་ཡུག་ལོ་གསུམ་ལེགས་བཅོས་བྱེད་པའི་བྱ་འགུལ་ལ་རང་ནུས་ཅི་ལྕོགས་ཀྱིས་རྒྱབ་སྐྱོར་བྱེད་ངེས་ཡིན་ཟེར་ཞེས་བཤད་བྱུང་།

ཆོས་ལུགས་མི་སྣའི་འཐུས་ཚབ་ཀྱིས་གཏམ་བཤད་སྤེལ་བཞིན་པ།

འོས་འགན་ལྟ་སྐུལ་བས། ང་རང་རྫོང་དང་ཡུལ་ཚོ་གཉིས་ཀྱི་གྲོས་ཚོགས་ལ་ཞུགས་པ་དང་། རྫོང་དང་ཡུལ་ཚོའི་ཨུ་ལྷན་དང་སྲིད་གཞུང་གིས་ཐེངས་འདིའི་གནའ་སྲོལ་ལེགས་བསྒྱུར་དང་ཞིང་གྲོང་ཁོར་ཡུག་བཅོས་སྐྱོང་བྱ་འགུལ་ལ་ཇི་ལྟ་བུའི་མཐོང་ཆེན་བྱེད་བཞིན་པ་སེམས་ཀྱིས་ཚོར་ཡོད། དེ་བས་ངས་འདི་ནས་རང་ཉིད་ཀྱིས་ལྟ་སྐུལ་བ་གཞན་པ་རྣམས་དང་མཉམ་དུ་རང་འགན་འཁུར་དུ་ཁྱེར་ནས་ཚད་ལྡན་གྱི་ལྟ་སྐུལ་བ་ཞིག་བྱེད་ཅིང་། བིས་མདོ་ཡུལ་ཚོའི་སྤྱི་ཚོགས་མཁའ་དབུགས་ལེགས་པོ་ཞིག་གསར་འཛུགས་དང་བོད་ཀྱི་སྲོལ་རྒྱུན་རིག་གནས་དར་སྤེལ་བྱེད་པར་རང་ནུས་ཅི་ལྕོགས་བྱེད་པར་ཁས་འཆེས་པ་ཡིན་ཞེས་བཤད་བྱུང་།

འོས་འགན་ལྟ་སྐུལ་བའི་འཐུས་ཚབ་ཀྱིས་གཏམ་བཤད་སྤེལ་བཞིན་པ།

ཞིང་བ་རྒན་པོའི་འཐུས་ཚབས་ཉེ་བའི་ལོ་ཤས་རིང་བུ་མོའི་རྒྱུ་རིན་དང་ཨ་མའི་ནུ་རིན་སོགས་འཕར་བའི་མྱུར་ཚད་ནི་དཔལ་འབྱོར་འཕེལ་རྒྱས་ཀྱི་མགྱོགས་ཚད་ལས་ཆེ་ཆེར་བརྒལ་བ་དང་། སྲིད་གཞུང་གིས་འདི་ལྟའི་ལམ་ལུགས་ཤིག་བཏོན་པ་ལ་ང་ཚོས་ལག་ཟུང་ཐལ་མོ་རྡེབ་ནས་རྒྱབ་སྐྱོར་ལོས་བྱེད། འདིས་ང་ཚོའི་འགན་འཁུར་ཇེ་ཡང་དུ་གཏོང་སྲིད་པ་དང་། འདས་མཆོད་དང་སྟོན་མོ་སྐབས་སུ་རྒྱས་སྤྲོས་རྒྱས་ཤོམ་བྱེད་པ་དང་ཕན་ཚུན་འགྲན་བསྡུར་བྱེད་པ། སྒོར་མོས་ཡོད་ཚད་ཐག་གིས་གཅོད་པའི་སྣང་ཚུལ་སོགས་ཉུང་ནས་ཉུང་དུ་འགྲོ་ངེས་རེད་ཟེར།

གསར་འགོད་པ། སྐལ་བཟང་རིན་ཆེན།