ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་ཁྲིམས་འཛུགས་བཞུགས་མོལ་ཚོགས་འདུ་བསྡུས།

ཟླ་བཅུ་གཅིག་པའི་ཚེས་ལྔ་ཉིན། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཆེད་དོན་བཞུགས་མོལ་ཚོགས་འདུ་བསྡུས་ཏེ། རང་སྐྱོང་ཁུལ་སོ་སོ་དང་གྲོང་ཁྱེར་གཉིས་ཀྱི་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གྱི་མཚོ་སྔོན་ཞིང་ཆེན་གྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་ཡར་སྐུལ་བྱེད་པའི་སྲོལ་ཡིག་འཆར་ཟིན་ཐད་ཀྱི་བསམ་འཆར་བསྡུ་ལེན་བྱས། ཀྲུའུ་རིན་གཞོན་པ་ལིག་ཐུང་ཏི་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོ་གཞོན་པ་མགོན་པོ་ཚེ་བརྟན་གྱིས་གྲོས་ཚོགས་ལ་མགོ་འཛིན་བྱས།

ལིག་ཐུང་ཏི་ཡིས་བསྟན་དོན། མི་རིགས་མཐུན་སྒྲིལ་ཡར་ཐོན་ཁྲིམས་འཛུགས་ལ་ཡར་སྐུལ་བྱེད་པ་ནི་ཞིང་ཆེན་ཏང་ཨུའི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་ཞིག་ཡིན་པ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་ཡར་སྐུལ་བྱེད་པའི་སྲོལ་ཡིག་གཏན་ཁེལ་བྱས་ཏེ་ཕྱིར་འདོན་པའི་ཐད་དོན་སྙིང་གལ་ཆེན་ལྡན་ལ། དེ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་རིགས་བྱ་བའི་རྣམ་བཤད་གལ་ཆེན་ལག་བསྟར་བྱེད་པའི་ཞིབ་ཕྲའི་ལག་ལེན་ཡིན་པ་དང་། ཞིང་ཆེན་ཏང་ཨུའི་སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པའི་བྱེད་ཐབས་གལ་ཆེན་ཡིན་ལ། མི་རིགས་མཐུན་སྒྲིལ་ཡར་ཐོན་སྔོན་ཐོན་ཁུལ་གསར་འཛུགས་བྱེད་པ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ཞིང་ཆེན་ཆེན་པོ་འཛུགས་སྐྲུན་བྱེད་པའི་ཁྲིམས་སྐྱོང་འགན་སྲུང་ཡིན། གྲོང་ཁྱེར་དང་ཁུལ་སོ་སོའི་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་བཞུགས་མོལ་ཚོགས་འདུ་བསྡུས་པ་ནི་སྔར་ལས་ལྷག་པའི་སྒོ་ནས་ས་ཁུལ་སོ་སོའི་བསམ་འཆར་དང་གྲོས་གཞི་བསྡུ་ལེན་བྱེད་པ་དང་། ཚན་རིག་ཁྲིམས་འཛུགས་དང་དམངས་གཙོ་ཁྲིམས་འཛུགས་སྔར་ལས་ལག་བསྟར་བཟང་བོ་བྱས་ཏེ་ཁྲིམས་འཛུགས་སྤུས་ཚད་མཐོར་འདེགས་གཏོང་བའི་ནུས་ཡོད་བྱེད་ཐབས་ཡིན། གོ་རིམ་རྗེས་མར་ཁྱོན་ཡོངས་ནས་ས་ཁུལ་སོ་སོའི་བསམ་འཆར་བསྡུ་ལེན་བྱེད་པའི་རྨང་གཞིའི་སྟེང་གཟབ་ནན་གྱིས་ཞིབ་འཇུག་ལེགས་སྒྲིག་བྱེད་པ་དང་སྲོལ་ཡིག་འཆར་ཟིན་གྲོས་ཞིབ་བྱ་བ་བཟང་བོར་བསྒྲུབ་སྟེ་ཁྲིམས་འཛུགས་སྤུས་ཚད་མཐོར་འདེགས་གཏོང་བར་འགན་སྲུང་བྱེད་དགོས་ཟེར།

ལིག་ཐུང་ཏི་ཡིས་བསྟན་དོན། དུས་རབས་གསར་པའི་དམངས་ཆེན་གྱི་མི་རིགས་བྱ་བ་བཟང་བོར་བསྒྲུབ་དགོས་ན། གཅིག་ནས་ཆབ་སྲིད་ལངས་གནས་མཐོར་འདེགས་བཏང་སྟེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བའི་སྐོར་གྱི་དགོངས་པ་གལ་ཆེན་དང་དུས་རབས་གསར་པའི་མི་རིགས་བྱ་བའི་ཐད་ཀྱི་རྒྱས་བཤད་གལ་ཆེན་སློབ་སྦྱོང་གཏིང་ཟབ་དང་ལག་ལེན་མཐར་ཕྱིན་བྱེད་དགོས་པ་དང་། ཐོག་མཐར་བར་གསུམ་ཀུན་ཏུ་ཆབ་སྲིད་དང་བསམ་བློ། འགུལ་སྐྱོད་བཅས་ཀྱི་སྟེང་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་གཅིག་གྱུར་ཚད་མཐོན་པོ་བྱེད་དགོས། གཉིས་ནས་མི་རིགས་སོ་སོས་བརྗེ་རེས་འབྲེལ་འདྲིས་བྱེད་པར་སྐུལ་འདེད་བཏང་སྟེ་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ཡིན་པའི་འདུ་ཤེས་བརྟན་པོར་འཛུགས་དགོས་པ་དང་། བློ་བརྟན་འགྱུར་མེད་སྒོས་མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོབ་བྱེད་དགོས། གསུམ་ནས་མི་རིགས་སོ་སོས་མཐུན་སྒྲིལ་འབད་འཐབ་བྱེད་པ་དང་མཉམ་དུ་དར་རྒྱས་གོང་འཕེལ་འགྲོ་བའི་བརྗོད་གཞི་འདིར་རྒྱུས་ལོན་ཡང་དག་བྱེད་དགོས། བཞི་ནས་སེམས་ཤུགས་གཅིག་སྒྲིལ་བྱེད་པའི་སྟེང་ཤུགས་འདོན་པ་དང་གཞི་རིམ་རྨང་གཞི་ཇེ་དྲག་ཏུ་གཏོང་བའི་སྟེང་ཤུགས་འདོན་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་བའི་སྟེང་ཤུགས་འདོན་པ་བཅས་རྒྱུན་འཁྱོངས་བྱས་ཏེ་ལྔ་བཞིའི་འཐབ་ཇུས་ལག་བསྟར་ཟབ་མོ་བྱེད་པ་དང་སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ལ་ཡར་སྐུལ་བྱེད་པའི་ཐད་བྱས་རྗེས་འཇོག་དགོས་ཟེར།

གྲོང་ཁྱེར་དང་ཁུལ་སོ་སོས་དངོས་ཡོད་གནས་ཚུལ་དང་རང་ས་གནས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་ཁྲིམས་འཛུགས་ལག་ལེན་དང་ཟུང་འབྲེལ་བྱས་པ་དང་། སྲོལ་ཡིག་འཆར་ཟིན་གྱི་གཞི་རྩའི་དགོངས་དོན་དང་ཞིབ་ཕྲའི་གཏན་ཁེལ་ལ་དམིགས་ནས་བློ་འདོན་ཇུས་འབུལ་བྱས་པར་མ་ཟད། ཉིས་སྟོང་བཅུ་དགུ་ལོའི་དམངས་ཆེན་གྱི་མི་རིགས་བྱ་བ་བཟང་བོར་བསྒྲུབ་པའི་ཐད་ནས་བསམ་བློ་བརྗེ་རེས་བྱས།