མཚོ་སྔོན་ཞིང་ཆེན་གྱི་ན་གཞོན་མཛེས་རྩལ་བརྩམས་ཆོས་འགྲེམས་སྟོན་སྐབས་བཞི་པ་སྤེལ་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། མཚོ་སྔོན་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་དང་། མཚོ་སྔོན་ཞིང་ཆེན་མཛེས་རྩལ་མཁས་ཅན་མཐུན་ཚོགས། མཚོ་སྔོན་མཛེས་རྩལ་ཁང་བཅས་ཀྱིས་གཙོ་གཉེར་བྱས་པའི“མཚོ་སྔོན་ཞིང་ཆེན་ན་གཞོན་མཛེས་རྩལ་བརྩམས་ཆོས་འགྲེམས་སྟོན་སྐབས་བཞི་པ”དེ་མཚོ་སྔོན་མཛེས་རྩལ་ཁང་གི་འགྲེམས་སྟོན་ཁང3པ་ནས་འགྲེམས་སྟོན་བྱས་ཤིང་། འགྲེམས་སྟོན་དུས་ཚོད་ནི་ཟླ10པའི་ཚེས30ཉིན་ནས་ཟླ11པའི་ཚེས25ཉིན་བར་རེད།

མཚོ་སྔོན་ཞིང་ཆེན་ན་གཞོན་མཛེས་རྩལ་བརྩམས་ཆོས་འགྲེམས་སྟོན་སྐབས་བཞི་པ་སྤེལ་བ་དེ་ཡོངས་བསྒྲགས་རྣམ་པའི་ཐོག་བརྩམས་ཆོས་བསྡུས་པ་ཡིན་ལ། ཞིང་ཆེན་ཡོངས་ཀྱི་ན་གཞོན་མཛེས་རྩལ་གསར་རྩོམ་པ་ཡི་འགྲན་ཞུགས་བརྩམས་ཆོས126འབྱོར་ཡོད་པ་དང་། དེའི་ནང་དུ་ཀྲུང་གོའི་རི་མོ་དང་། སྣུམ་རིས། བརྐོས་རིས། རྐོ་བཟོ། ཆུ་ཚོན། ས་མྱུག་རི་མོ། ཐང་ག་སོགས་ཀྱི་རི་མོ་རིགས་ཁག་ཡོད་ཅིང་། འཚོ་བ་དངོས་དང་གྲོང་ཁྱེར་གྱི་ཡུལ་ལྗོངས། ཡིད་འགྱུར་མཚོན་པ། མི་ཆོས་ཐུགས་ཁུར་སོགས་མི་འདྲ་བའི་བརྗོད་གཞི་དང་བརྗོད་བྱ་གཙོ་བོ་མངོན་ཡོད། དཔྱད་འདེམས་ནན་པོ་བྱས་པ་བརྒྱུད། བརྩམས་ཆོས84བདམ་པ་དང་། དེའི་ནང་ཕུལ་བྱུང་བརྩམས་ཆོས13ཡོད་པ་རེད།

རྒྱུས་ལོན་བྱས་པ་ལྟར་ན། མཚོ་སྔོན་ཞིང་ཆེན་གྱི་ན་གཞོན་མཛེས་རྩལ་བརྩམས་ཆོས་འགྲེམས་སྟོན་ནི་ཞིང་ཆེན་རིམ་པའི་ཕྱོགས་བསྡུས་རང་བཞིན་གྱི་ཆེད་ལས་མཛེས་རྩལ་བརྩམས་ཆོས་འགྲེམས་སྟོན་ཞིག་ཡིན་པའི་ཆ་ནས། ད་བར་དུ་སྐབས་གསུམ་ལ་གཉེར་ཟིན་པ་དང་། དེང་དུས་ཀྱི་ཕུལ་བྱུང་ན་གཞོན་མཛེས་རྩལ་པ་དང་མཛེས་རྩལ་གསར་རྩོམ་འབོར་ཆེན་གསོ་སྐྱོང་བྱས། མི་དསར་པ་མང་པོ་ཐོན་པ་དེ་ད་སྔའི་རང་ཞིང་གི་མཛེས་རྩལ་གསར་རྩོམ་གྱི་དཔུང་ཁག་གི་རྐང་འཛིན་སྟོབས་ཤུགས་སུ་གྱུར་ཡོད། ན་གཞོན་མཛེས་རྩལ་བརྩམས་ཆོས་འགྲེམས་སྟོན་གྱིས་རང་ཞིང་གི་ན་གཞོན་མཛེས་རྩལ་པ་ཡི་འཇོན་ཐང་མངོན་པའི་ལས་སྟེགས་སྐུན་པ་དང་། འཇོན་ཐང་གཟེངས་སུ་ཐོན་པའི་གོ་སྐབས་འདོན་སྤྲོད་བྱས་པ་མ་ཟད། ཁོ་ཚོའི་གསར་གཏོད་ཀྱི་སྙིང་སྟོབས་དང་། གསར་རྩོམ་གྱི་སྤྲོ་སེམས། སྤྱི་ཚོགས་ལ་སེམས་ཁུར་བྱེད་པ་མཚོན་ཡོད་ཅིང་། དེང་རབས་མཚོ་སྔོན་མཛེས་རྩལ་གྱི་འཕེལ་རྒྱས་དང་། གྲུབ་འབྲས། ཁྱད་ཆོས་གསར་པ་བཅས་མངོན་ཡོད་པ་རེད།

ལོ་ཙཱ་བ། ཡེ་ཤེས་སྒྲོལ་མ།