མཚོ་སྔོན་ནས་ཧི་ནན་གྱི་སྟོང་ཝོལ±800མཐོ་གནོན་ཐད་རྒྱུག་ལས་གྲྭ་ལས་འགོ་ཚུགས་པ།

 མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། ཟླ11པའི་ཚེས7ཉིན་གྱི་སྔ་དྲོར། མཚོ་སྔོན་ནས་ཧི་ནན་གྱི་སྟོང་ཝོལ ±800མཐོ་གནོན་ཐད་རྒྱུག་ལས་གྲྭ་འཛུགས་སྐྲུན་གྱི་སྐུལ་སློང་གྲོས་ཚོགས་དེ་མཚོ་སྔོན་གྱི་མཚོ་ལྷོ་དང་ཧི་ནན་གྱི་ཀྲུའུ་མ་ཏེན་རྒྱུག་སྤོར་ས་ཚིགས་ནས་དུས་མཉམ་དུ་བསྡུས། ཧི་ནན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་ཝང་གོ་ཧྲིན་ཧི་ནན་ཚོགས་ར་ནས་གྲོས་ཚོགས་ལ་ཞུགས་པ་དང་། མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅུན་དང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལིག་ཉིང་། རྒྱལ་ཁབ་གློག་དྲ་ཀུང་ཟིའི་ཏུང་ཧྲི་ཀྲང་ཧྲུའུ་དབྱིན་པེའོ། རྒྱལ་ཁབ་ནུས་ཁུངས་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་ལིན་ཧྲན་ཆིང་བཅས་མཚོ་སྔོན་ཚོགས་ར་ནས་ཚོགས་འདུར་ཞུགས། ཝང་གོ་ཧྲིན་དང་ཝང་ཅན་ཅུན། ཧྲུའུ་དབྱིན་པེའོ། ལིན་ཧྲན་ཆིང་བཅས་ཀྱིས་སོ་སོར་ཤིས་ཚིག་ཕུལ་བ་རེད།

ལས་འགོའི་སྐུལ་སློང་ཚོགས་ཆེན་གྱི་མཚོ་སྔོན་གྱི་ཚོགས་ར།

ཝང་གོ་ཧྲིན་གྱིས་ཤིས་ཚིག་ནང་ཧི་ནན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ནས་བཟོ་སྐྲུན་འཛུགས་སྐྲུན་བྱེད་འགོ་བརྩམས་པར་རྟེན་འབྲེལ་ཞུས། ཁོས་བཤད་རྒྱུར། མཚོ་སྔོན་དང་ཧི་ནན་བར་གྱི་སྟོང་ཝོལ±800མཐོ་གནོན་གློག་དྲང་རྒྱུག་བཟོ་སྐྲུན་ནི་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་ལག་ལེན་མཐར་ཕྱིན་བྱེད་པའི་འགུལ་སྐྱོད་དངོས་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་པའི་དྭངས་གཙང་ནུས་ཁུངས་ཀྱིས་སྔར་ལས་ལྷག་པའི་སྒོ་ནས་མི་དམངས་ལ་བདེ་སྐྱིད་བསྐྲུན་པའི་རེ་བ་ལག་བསྟར་བྱེད་པའི་བྱེད་ཐབས་གལ་ཆེན། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་བསྟར་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཕན་ཡོད་ལམ་བུ་ཡིན། མཚོ་སྔོན་གྱི་གློག་ཧི་ནན་དུ་འདྲེན་པ་ནི་མཚོ་སྔོན་གྱི་གློག་འདོན་ནུས་པ་ནང་འདྲེན་འཛད་སྤྱོད་བྱེད་པ་དང་། ཧི་ནན་གྱི་ནུས་ཁུངས་གྲུབ་ཚུལ་ལེགས་སྒྲིག་བྱེད་པའི་བཟོ་སྐྲུན་གལ་ཆེན་ཞིག་ཡིན་ལ། གནོད་མེད་འཕེལ་རྒྱས་འདུ་ཤེས་ལག་བསྟར་དང་ཧི་ནན་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་པའི་བྱེད་ཐབས་གལ་ཆེན་ཡང་ཡིན་པས། བཟོ་སྐྲུན་ལེགས་འགྲུབ་བྱུང་རྗེས་ཧི་ནན་ས་ཁུལ་གྱི་གློག་འདོན་དཀའ་བའི་རྣམ་པ་ཐག་གཅོད་པ་དང་། ཧི་ནན་གྱི་རྒྱུན་མ་ཆད་པར་འཕར་སྣོན་བྱེད་བཞིན་པའི་གློག་ཤུགས་དགོས་མཁོ་ལ་འགན་སྲུང་བྱེད་པ། མཁའ་དབུགས་བཙོག་བཟོ་འགོག་བཅོས་དང་ནུས་ཁུངས་ལས་རིགས་ཀྱི་ཚུལ་བསྒྱུར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་ནུས་པ་གལ་ཆེན་འདོན་རྒྱུ་རེད།ཧི་ནན་གྱི་འབྲེལ་ཡོད་ཕྱོགས་སོ་སོས་གཞོགས་འདེགས་དམ་ཟབ་བྱེད་པ་དང་།ཞབས་ཞུའི་མཐུན་སྦྱོར་བཟང་པོ་བྱེད་པ། འཛུགས་སྐྲུན་ཁོར་ཡུག་ལེགས་བསྒྱུར་བྱེད་པ། ཆ་སྡེབས་གློག་དྲའི་ལས་གཞི་མྱུར་དུ་འཛུགས་སྐྲུན་བྱས་ནས། བཟོ་སྐྲུན་སྔ་མོ་ནས་ལེགས་འགྲུབ་བྱས་ནས་བཀོལ་སྤྱོད་བྱེད་པ་དང་ཕན་འབྲས་འདོན་སྤེལ་བྱེད་པར་བརྩོན་ལེན་བྱེད་པ་དང་། བཟོ་སྐྲུན་དེ་ཞིང་ཆེན་བར་གྱི་ནུས་ཁུངས་གློག་ཤུགས་མཉམ་ལས་ཀྱི་སྤུས་ལེགས་བཟོ་སྐྲུན་དང་དཔེ་མཚོན་བཟོ་སྐྲུན། སེམས་སྦྲེལ་བཟོ་སྐྲུན་དུ་འཛུགས་སྐྲུན་བྱེད་རྒྱུ་ཡིན་ཟེར།

ཝང་ཅན་ཅུན་གྱིས་ཤིས་ཚིག་ནང་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ནས་རྒྱལ་ཁབ་ཀྱི་འབྲེལ་ཡོད་པུའུ་དང་ཨུ་ཡོན་ལྷན་ཁང་། རྒྱལ་ཁབ་གློག་དྲ་ཀུང་ཟི། སྤུན་ཟླ་ཞིང་ཆེན་དང་འཛུགས་སྐྲུན་སྡེ་ཁག་བཅས་ཀྱིས་མཉམ་དུ་མཚོ་སྔོན་གྱི་གློག་ཧི་ནན་དུ་འདྲེན་པའི་བཟོ་སྐྲུན་འཛུགས་སྐྲུན་བྱེད་འགོ་རྩོམ་པའི་ལོ་རྒྱུས་རང་བཞིན་གྱི་དུས་སྐབས་འདིར་བདེན་དཔང་བྱས་པར་བཀའ་དྲིན་ཞུས་པར་མ་ཟད། བཟོ་སྐྲུན་འཛུགས་སྐྲུན་བདེ་བླག་ངང་ཡོངས་འགྲུབ་འབྱུང་བའི་སྨོན་འདུན་ཞུས། ཁོས་བཤད་རྒྱུར། དེ་རིང་དགུན་ཚུགས་ནས་ནམ་ཟླ་འཁྱག་ན་ཡང་། སེམས་ཧ་ཅང་དྲོ་བ་ཞིག་རེད། དྲོད་ཁོལ་དེ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཙུང་ལི་ལིས་ཁི་ཆང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མཚོ་སྔོན་ལ་བཅངས་པའི་ཐུགས་ཁུར་ཡིན་ལ། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་དང་ཙུང་ལི་ཡི་མངག་བཅོལ་སེམས་སུ་བརྟན་པོར་བཟུང་ནས། ཧུར་ཐག་གིས་དྭངས་གཙང་ནུས་ཁུངས་ཀྱི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་རྒྱུ་ཡིན། དེ་རིང་། འཛམ་གླིང་སྟེང་གི་དྭངས་གཙང་ནུས་ཁུངས་གློག་ཤུགས་ཀྱི་མཐོ་གནོན་བགྲོད་ལམ་འཛུགས་སྐྲུན་བྱེད་འགོ་བརྩམས་པ་དང་། ང་ཚོས་རྒྱལ་ཁབ་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་སྒྲུབ་ཁང་། རྒྱལ་ཁབ་ནུས་ཁུངས་ཅུའུ། རྒྱལ་ཁབ་གློག་དྲ་ཀུང་ཟི་བཅས་ཀྱིས་སྟོབས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱས་པ་དང་། ཧི་ནན་དང་ཀན་སུའུ། ཧྲན་ཞི་ཞིང་ཆེན་བཅས་ཀྱི་ཏང་ཨུ་དང་སྲིད་གཞུང་གིས་རོགས་འདེགས་བཟང་པོ་བྱས་པར་བཀའ་དྲིན་ཞུས་པ་ཡིན།

རྒྱལ་ཁབ་གློག་དྲ་ཀུང་ཟིའི་སྤྱི་གཉེར་པ་ཁོའུ་ཝེ་ཡིས་སྐུལ་སློང་གྲོས་ཚོགས་ལ་འགོ་འཛིན་བྱས། ཧི་ནན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ལིག་ཝེ་དང་ཀན་སུའུ་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ལིས་ཕའེ་ཞིན། རྒྱལ་ཁབ་གློག་དྲ་ཀུང་ཟིའི་སྤྱི་གཉེར་པ་གཞོན་པ་ལིག་ཙིག་ཧུང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་སྒྲུབ་ཁང་། ཧྲན་ཞི་ཞིང་ཆེན། ཀྲུང་གོ་ནུས་ཁུངས་འཛུགས་སྐྲུན་སྡེ་ཚོགས། ཀྲུང་གོ་གློག་དྲ་འཛུགས་སྐྲུན་སྡེ་ཚོགས་བཅས་ཀྱི་འབྲེལ་ཡོད་འགན་ཁུར་བློ་མཐུན་གྲོས་ཚོགས་ལ་ཞུགས་པ་རེད།

མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྒྱུན་ལས་ཧྲིན་ཀྲང་གཞོན་པ་ཝང་ཡུས་པའོ་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲུང་ཡིག་ཆེན་མོ་ཡུས་ཚུང་ལི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཝུའུ་ཧེ་ཁུན། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཏུའུ་ཏི་ཀྲི་བཅས་གྲོས་ཚོགས་ལ་ཞུགས་པ་རེད།

ལོ་ཙཱ་བ། ཡེ་ཤེས་སྒྲོལ་མ།