ཝང་ཡུས་ཡན་གྱིས་ལས་བྱེད་པའི་སློབ་གསོ་སྦྱོང་བརྡར་བྱ་བར་རྟོག་ཞིབ་བྱས་པ།

  མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། ཉེ་སྔོན། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྩ་འཛུགས་པུའུ་ཡི་པུའུ་ཀྲང་། ཞིང་ཆེན་ཏང་གི་སློབ་གྲྭའི་སློབ་གཙོ་ཝང་ཡུས་ཡན་གྱིས《2018—2022རྒྱལ་ཡོངས་ཀྱི་ལས་བྱེད་པར་སློབ་གསོ་ཟབ་སྦྱོང་བྱེད་པའི་འཆར་འགོད》དང་ལས་བྱེད་པའི་སློབ་གསོ་ཟབ་སྦྱོང་ལས་དོན་ལག་ལེན་མཐར་ཕྱིན་བྱེད་པའི་ཐད་ནས་མཚོ་སྔོན་ལས་བྱེད་པའི་དྲ་སྦྲེལ་སློབ་གླིང་དང་། ཟི་ལིང་གྲོང་ཁྱེར་གྱི་སྡེ་ཁུལ་ལས་བྱེད་པའི་སློབ་གླིང་དུ་སོང་ནས་རྟོག་ཞིབ་བྱས་པ་རེད།

  རྟོག་ཞིབ་ཁྲོད།  ཝང་ཡུས་ཡན་གྱིས་སློབ་གླིང་གཉིས་ཀྱི་སློབ་གསོ་བྱ་བའི་བཀོད་སྒྲིག་ལ་ཡུལ་དངོས་ནས་ལྟ་ཞིབ་བྱས་པ་དང་།  སློབ་གླིང་གཉིས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་ཏང་གཤིས་སློབ་གསོའི་ནང་དོན་འབུར་ཐོན་བྱས་པ།  དྲ་རྒྱའི་ཐོན་ཁུངས་ལེགས་སྒྲིག་བྱས་ཏེ་སྨྱན་བྱེད་གསར་པའི་གསོ་སྦྱོང་སྟེགས་བུ་བཙུགས་པ་སོགས་བྱེད་ཐབས་ལ་ཁས་ལེན་གང་ལེགས་བྱས། ཁོ་མོས་བསྟན་དོན།  ལས་བྱེད་པའི་སློབ་གསོ་ཟབ་སྦྱོང་ནི་ལས་བྱེད་དཔུང་སྡེའི་འཛུགས་སྐྲུན་གྱི་སྣེ་ཁྲིད་རང་བཞིན་གྱི་བཟོ་སྐྲུན་ཞིག་ཡིན་པས། དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་ལག་བསྟར་དོན་འཁྱོལ་བྱེད་དགོས་པ་དང་།  ཏང་གི་འགོ་ཁྲིད་དང་གནད་ཕིགས་གསོ་སྦྱོང་རྒྱུན་འཁྱོངས་བྱས་ཏེ། ལས་བྱེད་པའི་སློབ་གསོ་གསོ་སྦྱོང་གི་དམིགས་སའི་རང་བཞིན་དང་ཕན་ནུས་རང་བཞིན་རྒྱུན་ཆད་མེད་པར་མཐོར་འདེགས་གཏོང་དགོས། ཁོ་མོས་ནན་གྱིས་བསྟན་དོན།  ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དགོངས་པ་གོ་གནས་གཙོ་བོར་བཞག་སྟེ། “འདུ་ཤེས་བཞི”རྒྱུན་ཆད་མེད་པར་ཇེ་དྲག་ཏུ་གཏོང་དགོས་པ་དང་། “ ཡིད་ཆེས་བཞི”ཇེ་བརྟན་དུ་གཏོང་དགོས། ཏང་གཤིས་སློབ་གསོར་ཤུགས་སྣོན་པ་དང་། ཏང་གི་ལོ་རྒྱུས་དང་རྒྱལ་ཁབ་ཀྱི་ལོ་རྒྱུས། མཚོ་སྔོན་གྱི་ཏང་འཛུགས་ལོ་རྒྱུས། མཚོ་སྔོན་གསར་པའི་སྙིང་སྟོབས་བཅས་ཐད་ཀྱི་གསོ་སྦྱོང་འབུར་ཐོན་བྱེད་དགོས།  ཆེད་ལས་ཅན་གྱི་ཟབ་སྦྱོང་ནུས་པ་ཇེ་དྲག་ཏུ་གཏོང་བ་དང་། “ལྔ་བཞིའི་འཐབ་ཇུས”ལག་བསྟར་བྱེད་པ་དང་“སྔོན་འགྲོ་གཅིག་དང་མཐོ་བ་གཉིས”ལ་སྐུལ་འདེད་གཏོང་བར་དམིགས་ནས།  གནད་དོན་དང་ལག་ལེན་ཁྲིད་ཕྱོགས་འབུར་ཐོན་བྱེད་པ་དང་དངོས་དོན་ཕན་ཡོད་ཀྱི་ཆེད་དོན་གསོ་སྦྱོང་སྤེལ་དགོས།  ལས་བྱེད་པའི་སློབ་གསོ་ཟབ་སྦྱོང་དང་མཉམ་འབྲེལ་དྲ་རྒྱ་མཉམ་བསྲེས་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། དྲ་ཐོག་སྤུས་ལེགས་སློབ་ཚན་མགྱོགས་མྱུར་དུ་འཛུགས་སྐྲུན་བྱེད་དགོས་པ་དང་། མཉམ་སྤྱོད་ཚད་ལྡན་གྱི་ལས་བྱེད་པའི་དྲ་རྒྱའི་གསོ་སྦྱོང་མ་ལག་འཛུགས་སྐྲུན་བྱ་དགོས་ཟེར།

ལོ་ཙཱ་བ། ཡེ་ཤེས་སྒྲོལ་མ།