ཁ་བ་བབས་པའི་རྐྱེན་གྱིས་རང་ཞིང་གི་གཞུང་ལམ་གང་མང་ཞིག་བཀག་སྡོམ་བྱས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། ཟླ11པའི་ཚེས6ཉིན་རང་ཞིང་གི་ས་ཁུལ་དག་ལ་མཁའ་དབུགས་འཁྱག་པའི་གནམ་གཤིས་བྱུང་བ་དང་ཁ་བ་འཕྲོ་རིམ་འཕྲོར་བབས་པའི་རྐྱེན་གྱིས་མི་དམངས་ཀྱིས་གནམ་གཤིས་འཁྱག་པའི་གྲང་ངར་ལ་གདོང་གཏད་དགོས་བྱུང་། ཟླ11པའི་ཚེས7ཉིན་གསར་འགོད་པས་ཞིང་ཆེན་ལམ་སྦྲེལ་ལྟེ་གནས་དང་ཟི་ལིང་རླངས་འཁོར་འགྲུལ་སྐྱེལ་ལྟེ་གནས་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཁ་བ་བབས་པའི་གནམ་གཤིས་ཀྱི་ཤུགས་རྐྱེན་དེའི་དབང་གིས་རང་ཞིང་གི་གཞུང་ལམ་མང་པོ་ཞིག་གི་སྟེང་དུ་དར་ཆགས་པ་དང་རླངས་འཁོར་རྒྱུན་ལྡན་ལྟར་འགྲོ་འོང་བྱེད་མི་ཐུབ་པར་གྱུར་པས། ཟི་ལིང་ནས་མཚོ་བྱང་དང་མཚོ་ནུབ་སོགས་ས་ཁུལ་དུ་ཤར་གཏོང་བྱེད་པའི་ཞིང་ཆེན་རིམ་པའི་སྤྱི་སྤྱོད་རླངས་འཁོར་ཡོད་ཚད་གཏོང་མཚམས་བཞག་པ་རེད།

ཞིང་ཆེན་ནང་ཁུལ་གྱི་གཞུང་ལམ་མང་པོ་ཞིག་ལ་བཀག་སྡོམ་དང་བདག་དོམ་ལམ་ལུགས་བསྟར་བ།

གཞུང་ལམ་གྱི་ཕྱོགས་ནས་ཟླ11པའི་ཚེས7ཉིན་གྱི་དུས་ཚོད16བར་རང་ཞིང་གི་ལིག་གོར་མྱུར་བགྲོད་གཞུང་ལམG3011སྟེང་ཁ་བ་བབས་པའི་གནམ་གཤིས་ཀྱི་ཤུགས་རྐྱེན་གྱིས་ལམ་སྟེང་དུ་ཁངས་དར་ཆགས་ཡོད། K516ནསK532ལམ་རྒྱུད་ཀྱི་ཚྭ་འདམ་ཆེ་བ་ནས་དབྱི་ལྕགས་རི་བོའི་ཕྱོགས། དབྱི་ལྕགས་རི་བོའི་ཁྲལ་བསྡུ་འབབ་ཚིགས་བར་ལ་འགྲིམ་འགྲུལ་བདག་དོམ་ལམ་ལུགས་ལག་བསྟར་བྱས། ཟི་ལིང་ནས་མང་རྫོང་གི་ལམ་ཐིགS104 ཙོང་ཁ་ནས་མང་རྫོང་བར་གྱི་རིམ་པ་དང་པོའི་གཞུང་ལམ་ལས་ཟི་ལིང་ནས་ཁྲི་ཀའི་ཕྱོགས་ཀྱི་ལམ་རྒྱུད་ཕྱོགས་གཉིས་ཀར་ཁ་བ་བབས་པའི་རྐྱེན་གྱིས་ལམ་སྟེང་དུ་དར་ཆགས་པས་རླངས་འཁོར་ཆེ་གྲས་ཀྱི་རིགས་ལ་འགྲིམ་འགྲུལ་བདག་དོམ་ལམ་ལུགས་ལག་བསྟར་བྱས།

ཞིང་ཆེན་རིམ་པའི་སྤྱི་སྤྱོད་རླངས་འཁོར་མང་པོ་ཞིག་གཏོང་མཚམས་བཞག་པ།

གསར་འགོད་པས་ཟི་ལིང་གྲོང་ཁྱེར་རླངས་འཁོར་འགྲུལ་སྐྱེལ་ལྟེ་གནས་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཟླ11པའི་ཚེས7ཉིན་གྱི་དུས་ཚོད16བར་རང་ཞིང་གི་ས་ཁུལ་དག་ལ་ཁ་བ་བབས་པའི་གནམ་གཤིས་བྱུང་བའི་དབང་གིས་རང་ཞིང་གིས་མཚོ་བྱང་དང་མཚོ་ལྷོ། མཚོ་ནུབ། ཡུལ་ཤུལ། མགོ་ལོག ལན་ཀྲུའུ་སོགས་ལ་ཤར་གཏོང་བྱེད་པའི་ཞིང་ཆེན་རིམ་པའི་སྤྱི་སྤྱོད་རླངས་འཁོར་ཡོད་ཚད་གཏོང་མཚམས་བཞག་པ་རེད། དེ་དང་ཆབས་ཅིག་གཞོང་ཐང་དང་ཀོའུ་ཧྲན། ཅིས་ཧྲི་འགག་སོགས་ལ་ཤར་གཏོང་བྱེད་པའི་སྤྱི་སྤྱོད་རླངས་འཁོར་དག་ཀྱང་རྒྱུན་ལྡན་ལྟར་ཤར་གཏོང་ཐུབ་དཀའ་བར་གྱུར། ད་ལྟ་ཟི་ལིང་ནས་སྟོང་སྐོར་དང་གསེར་ཆེན། ཧོར་གྲོང་། དཔའ་ལུང་། ཡ་རྫི། རེབ་གོང་། དེ་མིན་ནུབ་མཚོའི་ཕྱོགས་སུ་ཤར་གཏོང་བྱེད་པའི་རླངས་འཁོར། རྟ་ཐང་དང་གྲོ་ཚང་སོགས་ཀྱི་མྱུར་བགྲོད་གཞུང་ལམ་དང་འགྲུལ་སྐྱེལ་རླངས་འཁོར་སོགས་ཀྱང་འཕྲོ་རིམ་འཕྲོར་རྒྱུན་ལྡན་ལྟར་ཤར་གཏོང་བྱེད་འགོ་ཚུགས།

ལོ་ཙཱ་བ། ལྷ་དཔལ་སྐྱབས།