རང་ཞིང་གིས་བྱེད་ནུས་སྣ་མང་ཅན་གྱི་རྣམ་པ་གསར་པའི་ཁོར་སྲུང་རླངས་འཁོར་ཐོག་མ་བེད་སྤྱོད་བྱེད་འགོ་ཚུགས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། ཉེ་ལམ་རྣམ་པ་གསར་པའི་རླངས་འཁོར་ཞིག་གྲོང་ཁྱེར་གྱི་སྲང་ལམ་འདིའི་བརྗོད་བྱ་གཙོ་བོར་གྱུར། ཉིན་འདི་དག་གི་རིང་ལ་ཁ་བ་བབས་པའི་རྐྱེན་གྱིས་ལམ་གྱི་གནས་ཚུལ་ཅུང་མི་ལེགས་མོད། རླངས་འཁོར་དེ་དལ་གྱིས་བསྐྱོད་པ་དང་བསྟུན་ནས་ཁངས་ཕྱགས་པ་དང་ཁངས་འདེད་པའི་བརྒྱུད་རིམ་ཧྲིལ་པོ་ཡོངས་འགྲུབ་བྱས། རླངས་འཁོར་ཆེན་པོ་དེའི་ཕན་འབྲས་ཀྱི་ནུས་ཆོད་ཧ་ཅང་ཆེ་བས་རྒྱ་ཆེའི་གྲོང་ཁྱེར་གྱི་མི་དམངས་དག་གིས་བསྟོད་པའི་མཐེ་བོང་བསྒྲེངས། རྒྱུས་ལོན་བྱུང་བ་ལས་ཤེས་གསལ་ལྟར་ན། འདི་ནི་རང་ཞིང་གིས་ཆེས་ཐོག་མར་བཀོལ་བའི་བྱེད་ནུས་སྣ་མང་ཅན་གྱི་རྣམ་པ་གསར་པའི་ཁོར་སྲུང་རླངས་འཁོར་ཞིག་ཡིན་ལ། དེའི་སྟེང་དུ་སྒྲིག་ཆས་གསར་པ་སྒྲིག་འཇུག་བྱས་ཡོད་པས་གཞུང་ལམ་གྱི་གཙང་སེལ་བྱེད་ནུས་དེ་སྔར་ལས་མཐོར་འདེགས་སུ་བཏང་ཡོད་ལ། ཁོར་སྲུང་ལས་བཟོ་བའི་ངལ་རྩོལ་གྱི་ནུས་ཤུགས་དང་ཉེན་ཁའི་རང་བཞིན་ཡང་ཇེ་དམའ་རུ་བཏང་ཡོད།

ཟླ11པའི་ཚེས6ཉིན་གྱི་ཞོགས་པར། རྣམ་པ་གསར་པའི་ཁོར་སྲུང་རླངས་འཁོར་དེ་ཧའེ་ཧུའུ་གསར་ཁུལ་གྱི་ཝུན་ཐེན་ལམ་དང་མཁར་ནུབ་སྲང་ལམ་ཆེན་མོ་སོགས་ལམ་རྒྱུད་གཙོ་བོ་དག་གི་སྟེང་དུ་བུད་ནས་ལས་ཀར་ཞུགས་པས་གྲོང་ཁྱེར་གྱི་སྡོད་དམངས་དག་གི་མིག་ལམ་དུ་གསལ་པོར་མངོན་པ་རེད། གསར་འགོད་པས་མཐོང་གསལ་ལྟར་ན། ཁོར་སྲུང་བྱེད་ནུས་ཅན་གྱི་ཁ་དོག་དམར་སྨུག་གི་རླངས་འཁོར་དེར་བྱེད་ནུས་མང་ཞིང་རྙོག་འཛིང་ཆེ་ལ་སྣ་མང་ཡིན། མདུན་ཐད་དུ་གཙང་ཕྱགས་བཀྲུ་བྱེད་དང་རྡུལ་རྔུབ་འཕྲུལ་ཆས་ཡོད། རྗེས་སུ་གད་སྙིགས་བསྡུ་རུབ་སྒམ་ཡོད། ལས་སྒྲུབ་ཀྱི་བརྒྱུད་རིམ་ཁྲོད་སྔ་གཞུག་གི་བྱེད་ནུས་མི་འདྲ་བའི་ཡོ་བྱད་དག་གིས་གོ་རིམ་ལྡན་པའི་སྒོ་ནས་ཕན་ཚུན་རམ་འདེགས་བྱེད་བཞིན་ཡོད་པས། དངོས་གནས་སྐད་གྲགས་ཅན་གྱི་གློག་བརྙན“གཟུགས་འགྱུར་རྡོ་རྗེ”ལྟ་བུའི་བསྡུས་གཟུགས་ཤིག་དང་འདྲ། གསར་འགོད་པས་མཁར་ནུབ་ཆུའུ་མཁར་སྲུང་དོ་དམ་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། སྲང་ལམ་ཆེ་མ་ཆུང་གསུམ་གྱི་རྙོག་འཛིང་ཆེ་བའི་ལམ་གྱི་གནས་ཚུལ་ཁྲོད་བེད་སྤྱོད་བྱེད་རྒྱུའི་འཕྲུལ་ཆས་རང་བཞིན་གྱི་གཙང་སེལ་ལས་སྣོན་སྣ་མང་ཅན་ཞིག་མངོན་པར་མཚོན་འདུག དེ་ཡང་སྔར་ལས་ལྷག་པའི་སྒོ་ནས་གཙང་སེལ་གང་ལེགས་བྱེད་པ་དང་མཁར་ནུབ་ཆུའུ་ཡི་གྲོང་ཁྱེར་སྲིད་གཞུང་གི་སྤྱི་གཞུང་ཞབས་ཞུའི་ལྟེ་གནས་ཐད་ལ་བེད་སྤྱོད་བྱེད་པའི་བྱེད་ནུས་སྣ་མང་དང་རྣམ་པ་གསར་པའི་ཁོར་སྲུང་ལས་སྒྲུབ་རླངས་འཁོར་ཤིག་ཡིན་ཞིང་། རླངས་འཁོར་དེའི་ཡོ་བྱད་འདྲ་མིན་སྣ་ཚོགས་གང་འདོད་ལྟར་བརྗེ་རེས་བྱས་ཏེ་བེད་སྤྱོད་བྱས་ཆོག་ལ། སྲང་ལམ་ཆེ་མ་ཆུང་གསུམ་དང་སྤྱི་སྤྱོད་རླངས་འཁོར་གྱི་འབབ་ཚིགས། ཟམ་གདུང་གི་འོག ཕུགས་ལམ་སོགས་ལ་ལམ་ཁོད་དོག་སའི་ཁངས་སྤུངས་དང་ལོ་མ། གད་སྙིགས་སོགས་གཙང་སེལ་བྱེད་པར་ཧ་ཅང་ཕན་པོ་འདུག

དེ་དང་ཆབས་ཅིག་སྟོན་དགུན་དུས་ཚིགས་སུ་སླེབས་དུས་སྡོང་ལོ་དང་ཁངས་ཆུ་སོགས་ནི་རྣམ་པ་གསར་པའི་ཁོར་སྲུང་བྱེད་ནུས་ཅན་གྱི་རླངས་འཁོར་དེའི་གཙང་སེལ་བྱེད་ནུས་ཡིན་ལ། སྟོན་ཚིགས་དུས་སུ་ལོ་མ་དང་སྡོང་ལོ་ཆག་རོ། ས་རྡུལ་སོགས་བསྡུ་རུབ་བྱེད་པའི་བྱེད་ནུས་ལྡན། དགུན་ཚིགས་སུ་ཁ་བ་སྤུངས་ཡོད་པ་གཙང་སེལ་དང་ཁངས་ཕྱགས་པ། ཁངས་སྤུར་བ་སོགས་ཀྱི་བྱེད་ནུས་ལྡན། དཔྱིད་ཚིགས་དང་དབྱར་ཚིགས་སུ་གཞུང་ལམ་སྟེང་དུ་གཙང་སེལ་གཙང་བཀྲུ་ཡི་སྒྲིག་ཆས་ནང་འཇུག་བྱས་ཡོད། ལས་བརྩོན་ཅན་གྱི་རླངས་འཁོར་དེར་བྱེད་ནུས་མང་ཞིང་དུས་ཚིགས་བཞི་བོར་ངེས་མེད་དུ་བཀོལ་ཆོག་པས་སྲང་ལམ་ཆེ་མ་ཆུང་གསུམ་ལ་གཙང་སེལ་བྱེད་པའི་ཕན་འབྲས་དང་ནུས་ཆོས་སྔར་ལས་མཐོར་འདེགས་སུ་བཏང་ཞིང་ཁོར་སྲུང་ལས་བཟོ་བའི་བྱེད་ནུས་ཡང་ཇེ་ཡངས་སུ་བཏང་སྟེ་ཁོར་སྲུང་ལས་བཟོ་བའི་བདེ་འཇགས་ལ་འགན་བཅོལ་དང་ཁག་ཐེག་བྱས་ཡོད་པ་རེད།

ལོ་ཙཱ་བ། ལྷ་དཔལ་སྐྱབས།