མཚོ་སྔོན་ཞིང་ཆེན་ཞིང་ཕྱུགས་ལས་རིགས་ཀྱིས་ཚན་རྩལ་ལ་བརྟེན་ནས་འཁྱག་ཆུའི་ཁྲོད་ཐོན་ལས་གསོ་སྤེལ་ལག་རྩལ་དེ་རིམ་སྒྱུར་ཞིབ་འཇུག་གསར་སྤེལ་དང་ཆུ་ནང་སྐྱེ་དངོས་སྲུང་སྐྱོབ་སྟེགས་བུ་གསར་འཛུགས་བྱས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། རང་ཞིང་གི་འཁྱག་ཆུའི་གསོ་སྤེལ་ཐོན་ལས་དང་ཆུ་ནང་སྐྱེ་དངོས་སྲུང་སྐྱོབ་བྱ་བར་སྐུལ་འདེད་བྱེད་ཆེད། ཉེ་ལམ་མཚོ་སྔོན་ཞིང་ཆེན་ཞིང་ཕྱུགས་ལས་རིགས་ཀྱིས་ཚན་རྩལ་ལ་བརྟེན་ནས་འཁྱག་ཆུའི་གསོ་སྤེལ་ཐོན་ལས་ལག་རྩལ་དེ་རིམ་སྒྱུར་བྱས་ནས་ཞིབ་འཇུག་གསར་གཏོད་དང་ཆུ་ནང་སྐྱེ་དངོས་སྲུང་སྐྱོབ་སྟེགས་བུའི་བྱ་བ་དེ་དངོས་སུ་གསར་འཛུགས་བྱས་པ་རེད།

ངོ་སྤྲོད་བྱས་པ་ལས་ཤེས་གསལ་ལྟར་ན། སྟེགས་བུ་དེས་སྐྱེ་དངོས་དམིགས་གསལ་དུ་བཟུང་སྟེ་ཉའི་ཐོན་ལས་ལ་འགན་ཁུར་དང་མུར་བསྟུན་འཕེལ་རྒྱས་དེ་འདུ་ཤེས་སུ་བཟུང་ནས་ཆུའི་ཐོན་རྫས་ལེགས་པོ་དང་ཞིང་ཕྱུགས་ལས་མུར་བསྟུན་ཡོང་འབབ་དེ་དམིགས་འབེན་དུ་བཟུང་ཡོད། ཚན་རྩལ་གསར་གཏོད་དང་དོ་དམ་འདུ་ཤེས་གསར་སྐྲུན། ཚོང་གཉེར་སྒྲིག་གཞིའི་ལས་གཞི་བཅས་སྒུལ་ཤུགས་གསར་བ་བྱས་ཡོད། ཞིང་ཕྱུགས་ལས་རིགས་ཀྱི་ཡོང་འབབ་འཕར་སྣོན་དང་རོང་འབྲོག་མི་དམངས་ཀྱི་ཡོང་སྒོ་འཕར་སྣོན་ཐད་ལ་བགྲོད་ལམ་གསར་བ་ཞིག་གཏོད་ཏེ་སྐྱེ་ཁམས་ཐོན་སྐྱེད་འཚོ་བ་མངོན་འགྱུར་བྱེད་པའི་འཁོར་སྐྱོད་ལེགས་པོ་ཞིག་བསྐྲུན།

མཚོ་སྔོན་ཞིང་ཆེན་ཞིང་ཕྱུགས་ལས་རིགས་ཀྱིས་ཚན་རྩལ་ལ་བརྟེན་ནས་ཉ་རིགས་ཐོན་ལས་ཀྱི་ལག་རྩལ་གསར་པ་དེ་གསར་སྐྲུན་དང་ཞིབ་འཇུག་གསར་སྤེལ་བྱས་པ་རེད། དེའི་ཁོངས་སུ་ཆུ་འཁྱག་གི་ཉ་གསོའི་དེང་རབས་ཐོན་ལས་བྱེད་ནུས་ཁང་དང་ཉ་རིགས་ཐོན་སྐྱེད་བརྒྱུད་རིམ་གྱི་ཚད་ལེན་དང་དོ་དམ་བྱེད་ནུས་ཁང་། ཆུ་འཁྱག་གི་གསོ་སྤེལ་ཐོན་ལས་རྣམ་གཞག་གི་བྱེད་ནུས་གསར་པའི་ཁང་བ། མཚོ་སྔོན་པོའི་གསེར་ཉའི་ཐོན་ཁུངས་སྲུང་སྐྱོབ་དང་བྱེད་ནུས་ཁང་སླར་གསོ་བྱེད་པ། ཆུ་འཁྱག་གི་གསོ་སྤེལ་འཚོ་བཅུད་སྙོམས་སྒྲིག་ཚོད་འཛིན་ལག་རྩལ་གསར་འཛུགས་ཁང་བཅས་བྱེད་ནུས་ཁང་མི་འདྲ་བ5ཡོད། མཐོ་སྒང་གི་ཆུ་འཁྱག་གསོ་སྤེལ་ཐོན་ལས་ནི་མཚོ་སྔོན་ཞིང་ཆེན་གྱི་རྣམ་པ་གསར་པའི་ཐོན་ལས་ཤིག་སྟེ་ཉི་གསར་ཐོན་ལས་དང་ཁྱད་ལྡན་ཐོན་ལས། ཞིང་ཕྱུགས་ལས་རིགས་ཀྱི་དེང་རབས་ཅན་ཕྱོགས་ལ་འགྲོ་བར་ཞིང་ཆེན་ཡོངས་དང་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད།

  ཞིང་ཆེན་ཡོངས་སུ་ཆུ་འཁྱག་གི་ཉ་རིགས་གསོ་སྤེལ་དུད་ཁྱིམ་འཕེལ་རྒྱས་བྱུང་སྟེ27ལྷག་ཡོད་ལ། དྲ་སྒམ་དུ་གསོ་སྤེལ་བྱེད་པའི་རྒྱ་ཁྱོན་ཡང་རྨིད་གྲུ་བཞི་མ་འབུམ3དང་ཁྲི3ལ་བུད་ཡོད། ཉ་ཀོས་ཙུང་གི་ཐོན་ཚད་ནི་ཏུན་ཁྲི1.38ལ་སླེབས་པ་དང་དེས་རྒྱལ་ཡོངས་ཀྱི་ཉ་ཀོས་ཙུང་གི་ཐོན་ཚད་ཀྱི30%ཟིན་ཡོད། དེ་ནི་རྒྱལ་ཡོངས་ཀྱི་ཉ་ཀོས་ཙུང་དྲ་སྒམ་དུ་གསོ་སྤེལ་བྱེད་སའི་རྟེན་གཞི་ཆེས་ཆེ་ཤོས་སུ་ཡང་གྱུར་ཡོད།

ལོ་འདི་དག་གི་རིང་ལ་མཚོ་སྔོན་ཞིང་ཆེན་ཉ་ལས་ཁོར་ཡུག་ལྟ་ཞིབ་ཚད་ལེན་ས་ཚིགས་དང་མཚོ་སྔོན་སློབ་ཆེན་མཐོ་སྒང་ཆུ་ནང་སྐྱེ་དངོས་དང་སྐྱེ་ཁམས་རུ་དཔུང་། མཚོ་སྔོན་ཞིང་ཆེན་ཞིང་ཕྱུགས་ཐིན་ཉ་ལས་དོ་དམ་ཅུའུ། ཆུ་འཁྱག་གསོ་སྤེལ་ཁེ་ལས་བཅས་ཀྱིས་རྒྱལ་ཁབ་ཕྱི་ནང་གི་མཐོ་རིམ་སློབ་གྲྭ་དང་ཚན་རྩལ་ཞིབ་འཇུག་སོ་སོར་མཉམ་འབྲེལ་བྱས་ཏེ་ཆུ་ནང་སྐྱེ་དངོས་ལ་སྐྱེ་ཁམས་སྲུང་སྐྱོབ་དང་ས་བོན་དང་མྱུ་གུ་གསོ་སྤེལ་བྱེད་པ། འཚོ་བཅུད་སྙོམས་སྒྲིག་དང་གཟན་ཆས་ལས་སྣོན། རིམས་ནད་སྔོན་འགོག་ཚོད་འཛིན། ཉ་རིགས་ལས་སྣོན་སོགས་ཀྱི་ཐད་ལ་ལག་རྩལ་ནང་འདྲེན་དང་གཡུང་སྒྱུར་བྱས་ཏེ་ཅུང་འཐུས་སྒོ་ཚང་བའི་ལག་རྩལ་མ་ལག་ཞིག་གྲུབ། གསོ་སྤེལ་གཞི་ཁྱོན་དང་ལག་རྩལ། རྒྱུ་སྤུས་སོགས་གང་ཐད་ནས་རྒྱལ་སྤྱིའི་སྔོན་ཐོན་ཆུ་ཚད་ལ་སླེབས་ཏེ་ཞིང་ཆེན་ཡོངས་དང་ཐ་ན་རྒྱལ་ཡོངས་ཀྱི་ཆུ་འཁྱག་གསོ་སྤེལ་ཐོན་ལས་ཐད་ལ་དཔེར་མཚོན་རང་བཞིན་དང་སྣེ་ཁྲིད་རང་བཞིན་གྱི་བྱེད་ནུས་ངེས་ཅན་ཞིག་ཐོན་དུ་བཅུག་ཡོད་པ་རེད།

ལོ་ཙཱ་བ། ལྷ་དཔལ་སྐྱབས།