ཨ་ཆེན་གངས་རྒྱབ་སྲུང་སྐྱོབ་ས་ཁུལ་དུ་གཙོད་ཁྱུའི་ཁ་གྲངས་ཕལ་ཆེར་ཁྲི6ལྷག་ལ་བུད་ཡོད་པ།

ལྟ་ཞིབ་ཚད་ལེན་སྡོམ་རྩིས་གསར་བ་ལྟར་ན། འཛམ་གླིང་རང་བྱུང་ཤུལ་བཞག་ས་ཁུལ་ཏེ་ཨ་ཆེན་གངས་རྒྱབ་སྲུང་སྐྱོབ་ས་ཁུལ་མངའ་ཁོངས་དང་དེའི་ཉེ་འཁོར་ས་ཁུལ་གྱི་གཙོད་ཁྱུའི་ཁ་གྲངས་དེ་ད་ལྟ་ཁྲི6ལྷག་ལ་བུད་ཡོད། རི་དྭགས་སོགས་རྔོན་པ་ཆེས་གདུག་རྩུབ་ཆེ་བའི་དུས་རབས་གོང་མའི་ལོ་རབས90པའི་དུས་མཇུག་ལ་གཙོད་ཀྱི་ཁ་གྲངས་ཁྲི2ནས་ཁྲི4ལྷག་ལ་བུད་ཡོད།

གཙོད་ནི་མདོ་དབུས་མཐོ་སྒང་གི་སྲོག་ཆགས་ས་ཁུལ་རིམ་པའི་དཔེར་མཚོན་འཐུས་ཚབ་ཅན་ཞིག་སྟེ་ཚོད་དཔག་དང་ཚད་ལེན་བྱེད་དཀའ་བའི་ཚན་རིག་གི་རིན་ཐང་ཆེན་པོ་ལྡན། གཙོད་ཁྱུ་ནི་མདོ་དབུས་མཐོ་སྒང་གི་རང་བྱུང་སྐྱེ་ཁམས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན། གཙོད་པགས་ཀྱིས་བཟོས་པའི་ཧྲ་ཐུའུ་ཧྲི་ནི་རྒྱལ་སྤྱིའི་ཁྲིམས་འགལ་ཉོ་འཚོང་ཁྲོད་ཀྱི་རྒྱུགས་ཆེ་བ་ཞིག་ཏུ་གྱུར་པས། མཐོ་སྒང་གི་རྣམ་ཤེས་སྐྱེན་པོ་དེར་ཚད་ཆེ་ས་ནས་དམར་གསོད་ཆེན་པོ་ཐེབས། 1980ལོ་ནས1989ལོའི་བར་ཚོད་རྩིས་ལྟར་ན་ལོ་གཅིག་གི་ནང་དུ་གཙོད་གྲངས་ཁྲི2ལྷག་གི་ཚེ་སྲོག་རྔོན་པའི་བོའུ་ཁ་རུ་ཟད་བཞིན་ཡོད། མཚོ་སྔོན་ཨ་ཆེན་གངས་རྒྱབ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་དོ་དམ་ཅུའུ་ཡི་ཅུའུ་ཀྲང་འབུམ་འབྲུག་གིས་ངོ་སྤྲོད་བྱེད་རྒྱུར། ལོ་འདི་དག་གི་རིང་ལ་དོ་དམ་ཅུའུ་ཡིས་གཞི་རྒྱ་ཆེ་ཞིང་སྟུག་ཚད་མཐོ་བ། ཡོངས་ཁྱབ་རང་བཞིན་གྱི་ཆེད་དོན་རི་མྱུལ་སྐོར་ཞིབ་བྱ་འགུལ་མཚམས་མ་བཞག་པར་སྤེལ་ཏེ། ཁྲིམས་འགལ་སྒོས་སྲུང་སྐྱོབ་ས་ཁུལ་དུ་འཛུལ་བའི་ཁྲིམས་འགལ་བྱེད་སྒོ་ཡོད་ཚད་ལ་རྡུང་རྡེག་ཚབས་ཆེན་བཏང་། དེའི་མི་ཚད་སྔ་མོ་ནས་གཙོད་སྦྱིག་པའི་དུས་དང་གནས་སྤོར་སྐབས་ཀྱི་སྲུང་སྐྱོབ་བྱ་བ་ཡང་བཀོད་སྒྲིག་གང་ལེགས་བྱས་ཏེ་གཙོད་ཁྱུའི་གནས་སྤོར་སྐབས་སུ་མིའི་རིགས་ཀྱི་བར་ཆད་བཟོ་མི་ཐུབ་པར་ཁག་ཐེག་བྱས། དེ་ཡང་ཝུའུ་ཏའོ་ལིའང་སྲུང་སྐྱོབ་ས་ཚིགས་ཀྱི་ལས་བྱེད་མི་སྣས་སྡོམ་རྩིས་བྱས་པ་ལྟར་ན། 2018ལོར་གཙོད་ཁྱུ་གནས་སྤོར་བྱེད་དུས་ཀྱི་ཁ་གྲངས་ནི3988ཡིན་པ་རེད།

  ཨ་ཆེན་གངས་རྒྱབ་ནི་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཁུལ་གྱི་ནུབ་བྱང་ས་ཁུལ་དུ་ཡོད་ལ། སྤྱིའི་རྒྱ་ཁྱོན་ལ་རྨིད་གྲུ་བཞི་མ་ཁྲི4.5ཡོད། མངའ་ཁོངས་དེའི་ཆ་སྙོམས་རྒྱ་མཚོའི་ངོས་ཀྱི་མཐོ་ཚད་ནི་རྨིད4600ཡན་ནས་ཆེས་མཐོ་བའི་དུས་ནི་རྨིད6860ཡིན། ཨ་ཆེན་གངས་རྒྱབ་ལ“འཛམ་གླིང་གི་ཡང་རྩེ་གསུམ་པ”ཞེས་པའི་མཚན་སྙན་དང་མཐོ་དབུས་མཐོ་སྒང་གི་རི་སྐྱེས་སྲོག་ཆགས་རྩ་ཆེན་གྱི་གཞི་རྒྱུའི་མཛོད་ཡང་ཟེར། དེ་ནི་རང་རྒྱལ་གྱི་རི་སྐྱེས་སྲོག་ཆགས་རྩ་ཆེན་གཙོད་ལ་སྲུང་སྐྱོབ་བྱེད་ཆེད་གསར་དུ་སྒྲིག་འཛུགས་བྱས་པའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་ཞིག་ཀྱང་ཡིན་ལ། རང་རྒྱལ་གྱི་སྐྱེ་དངོས་སྣ་མང་ཅན་སྲུང་སྐྱོབ11ཁྲོད་ཀྱི་ཆེས་གནད་འགག་གི་མངའ་ཁོངས་ཤིག་ཀྱང་ཡིན། ད་ལྟ་རྒྱལ་ནང་དུ་གདོད་མའི་རྣམ་པ་མ་ཉམས་འཐུས་ཚང་དུ་ཡོད་པའི་མངའ་ཁོངས་ཤིག་ཀྱང་ཡིན། མངའ་ཁོངས་དེའི་ནང་གི་མཚེའུ་ཡི་སྤྱིའི་རྒྱ་ཁྱོན་ལ་རྨིད་གྲུ་བཞི་མ3825ཡོད་ལ། འཁྱགས་རོམ་ས་གཞིའི་རྒྱ་ཁྱོན་གྱི་ཟིན་ཚད་ནི90%ཡི་ཡན་ལ་སླེབས་ཡོད། མངའ་ཁོངས་དེའི་ནང་དུ་འོ་འཐུང་སྲོག་ཆགས་རིགས13དང་འདབ་ཆགས་རིགས60 ཉ་རིགས6 ལྟོ་འགྲོའི་རིགས1བཅས་ཡོད།

2017ལོའི་ཟླ7པའི་ཚེས7ཉིན། ཨ་ཆེན་གངས་རྒྱབ་དེ་དངོས་སུ《འཛམ་གླིང་ཤུལ་བཞག་དཀར་ཆག》ཁྲོད་དུ་བཞག་པ་དང་ཀྲུང་གོའི་འཛམ་གླིང་གི་ཤུལ་བཞག་ཨང51པ་ཡིན། ད་ལྟའི་བར་ཨ་ཆེན་གངས་རྒྱབ་ཀྱིས་མཚོ་སྔོན་ཞིང་ཆེན་དང་དེ་མིན་མདོ་དབུས་མཐོ་སྒང་གི་རང་བྱུང་ཤུལ་བཞག་གི་སྟོང་ཆ་ཞིག་བསྐངས་ཡོད་ལ། རང་རྒྱལ་གྱི་རྒྱ་ཁྱོན་ཆེས་ཆེ་ཞིང་ཆ་སྙོམས་མཚོ་ངོས་ཀྱི་མཐོ་ཚད་ཆེས་མཐོ་བ། མཚེའུ་ཡི་ཁ་གྲངས་ཆེས་མང་ཤོས་སུ་གྱུར་ཏེ་འོ་འཐུང་སྲོག་ཆགས་ཆེན་པོའི་རིགས་གནས་སྤོར་བྱེད་པའི་མཛེས་ལྗོངས་ཀྱི་འཛམ་གླིང་ཤུལ་བཞག་རྗེས་ཤུལ་དུ་གྱུར་ཡོད། ཨ་ཆེན་གངས་རྒྱབ་དེ་འཛམ་གླིང་གི་ཤུལ་བཞག་ཁྲོད་བདེ་བླག་ངང་འཇོག་ཐུབ་པ་ནི་རང་རྒྱལ་གྱི་སྐྱེ་ཁམས་ཤེས་ཡོན་འཛུགས་སྐྲུན་གྱི་གྲུབ་འབྲས་དེ་རྒྱལ་སྤྱིའི་སྤྱི་ཚོགས་སྟེང་འགྲེམས་སྟོན་ཐེངས་ཤིག་བྱས་པ་ཡིན་ལ། མཚོ་སྔོན་ཞིང་ཆེན་འཛམ་གླིང་རང་བྱུང་ཤུལ་བཞག་འཛུགས་སྐྲུན་ལོ་རྒྱུས་ཁྲོད་གསར་གཏོད་རང་བཞིན་དང་ལོ་རྒྱུས་རང་བཞིན་གྱི་དོན་སྙིང་ངེས་ཅན་ཞིག་ལྡན་ཡོད།

ལོ་ཙཱ་བ། ལྷ་དཔལ་སྐྱབས།