སྐབས་དང་པོའི་ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་དངོས་མང་བཤམས་སྟོན་གྲོས་ཚོགས་དེ་ཟླ11པའི་ཚེས5ནས་ཚེས10སྤེལ་བ་དང་མཚོ་སྔོན་གྱི་ཁེ་ལས166ཟབ་ཞུགས་བྱས་ཡོད།

སྐབས་དང་པོའི་ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་དངོས་མང་བཤམས་སྟོན་གྲོས་ཚོགས་དེ་ཟླ11པའི་ཚེས5ནས་ཚེས10བར་ཧྲང་ཧའེ་རྒྱལ་ཁབ་འགྲེམས་སྟོན་ལྟེ་གནས་སུ་སྤེལ། མཚོ་སྔོན་ཞིང་ཆེན་གྱི་བརྗོད་དོན་བྱ་འགུལ་དེ་ཟླ11པའི་ཚེས9ཉིན་གྱི་སྔ་དྲོ་རྒྱལ་ཁབ་འགྲེམས་སྟོན་ལྟེ་གནས་སུ་སྤེལ་རྒྱུ་ཡིན་ལ། ཨ་རི་དང་ཁ་ན་ཏ། འཇར་མན། ཨུ་རུ་སུ། ཞུང་ཡ་ལེ། ཉི་ཧོང་སོགས་རྒྱལ་ཁབ་ཀྱི་ཟས་རིགས་དང་རྒྱུན་སྤྱོད་དངོས་རྫས། སྨན་རྫས། སྨན་བཅོས་རྒྱུ་ཆ། བདེ་སྲུང་ཡོ་བྱད། རླངས་འཁོར། ཁྱིམ་སྤྱོད་གློག་ཆས་སྒྲིག་གཞི་སོགས་ཐོན་རྫས་གྲགས་ཅན་གྱི་འགྲན་ཞུགས་ཚོང་རྫས་མང་པོ་ཞིག་རང་ཞིང་གི་མཐུད་སྦྲེལ་བྱ་འགུལ་ཁྲོད་ཞུགས་ཡོད།

རྒྱུས་ལོན་བྱུང་བ་ལས་ཤེས་གསལ་ལྟར་ན། སྐབས་དང་པོའི་ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་དངོས་མང་བཤམས་སྟོན་གྲོས་ཚོགས་ནི་ཀྲུང་གོའི་ཚོང་དོན་སྡེ་ཁག་དང་ཧྲང་ཧའེ་གྲོང་ཁྱེར་མི་དམངས་སྲིད་གཞུང་གཉིས་ཀྱིས་ཐུན་མོང་སྒོས་གཙོ་སྒྲུབ་བྱས་ཤིང་། འཛམ་གླིང་ཉོ་འཚོང་རྩ་འཛུགས། མཉམ་འབྲེལ་རྒྱལ་ཁབ་ཚོང་རྫས་མངགས་གཏོང་གྲོས་ཚོགས། མཉམ་འབྲེལ་རྒྱལ་ཁབ་བཟོ་ཨུའི་མངགས་གཏོང་རྩ་འཛུགས་སོགས་རྒྱལ་སྤྱིའི་ལས་ཁུངས་དག་གིས་མཉམ་འབྲེལ་བྱས་ཡོད། ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་དངོས་མང་བཤམས་སྟོན་ཅུའུ་དང་རྒྱལ་ཁབ་གྲོས་ཚོགས་ལྟེ་གནས་གཉིས་ཀྱིས་ཐུན་མོང་སྒོས་སྒྲུབ་འགན་བླངས་ཡོད། ནང་འདྲེན་དངོས་མང་བཤམས་སྟོན་འགྲེམས་ཁུལ་གྱི་སྤྱིའི་རྒྱ་ཁྱོན་ལ་རྨིད་གྲུ་བཞི་མ་འབུམ2དང་ཁྲི4ལྷག་ཡོད། དེའི་ཁོངས་སུ་རྒྱལ་ཁབ་ཉོ་འཚོང་དངུལ་གཏོང་སྣ་འཛོམས་འགྲེམས་སྟོན་དང་ཁེ་ལས་ཚོང་ལས་འགྲེམས་སྟོན་བཅས་རིགས་མི་འདྲ་བ་གཉིས་ཡོད། དེའི་ཁྲོད་རྒྱལ་ཁབ་ཉོ་འཚོང་དངུལ་གཏོང་སྣ་འཛོམས་འགྲེམས་སྟོན་གྱིས་གཙོ་བོ་འབྲེལ་ཡོད་རྒྱལ་ཁབ་ཀྱི་ཉོ་འཚོང་དངུལ་གཏོང་ཁྱབ་ཁོངས་གནས་ཚུལ་གཞིར་བཟུང་ཡོད། ཁེ་ལས་ཚོང་དོན་འགྲེམས་སྟོན་དེ་དངོས་ཟོང་ཉོ་འཚོང་དང་ཞབས་ཞུའི་ཉོ་འཚོང་རིགས་ཆེན་པོ་གཉིས་སུ་བགོས་ཡོད། དངོས་ཟོང་ཉོ་འཚོང་འགྲེམས་སྟོན་གྱི་སྤྱིའི་རྒྱ་ཁྱོན་ལ་རྨིད་གྲུ་བཞི་མ་འབུམ1དང་ཁྲི8 ཞབས་ཞུའི་ཉོ་འཚོང་འགྲེམས་སྟོན་ལེབ་མོའི་སྤྱིའི་རྒྱ་ཁྱོན་ལ་རྨིད་གྲུ་བཞི་མ་ཁྲི3ཡོད། ཐེངས་འདིའི་འགྲེམས་སྟོན་གྲོས་ཚོགས་སྟེང་སྔོན་དཔག་བྱས་པ་ལྟར་ན་རྒྱལ་ཁབ60ལྷག་གི་ཁེ་ལས1100ལྷག་ཟབ་ཞུགས་བྱས་ཤིང་རྒྱལ་ཁབ་ཕྱི་ནང་གི་ཉོ་བསྡུའི་ཚོང་བ་མི་གྲངས་འབུམ1དང་ཁྲི5ལྷག་གིས་ཚོང་རྫས་ཉོ་བསྡུ་བྱེད་བཞིན་ཡོད།

ནང་འདྲེན་དངོས་མང་བཤམས་སྟོན་གྲོས་ཚོགས་ཀྱི་སྐབས་སུ་སྐབས་དང་པོའི་འཇའ་ཚོན་ཟམ་པའི་རྒྱལ་སྤྱིའི་ཉོ་འཚོང་དཔྱད་སྡུར་གླེང་སྟེགས་སྤེལ། དཔྱད་སྡུར་གླེང་སྟེགས་དེར་འགོ་ཚུགས་མཛད་སྒོའི་རྣམ་པ། “ཉོ་འཚོང་དང་ཕྱིར་གཏོང་། ”“ཉོ་འཚོང་དང་གསར་གཏོད། ”“ཉོ་འཚོང་དང་དངུལ་གཏོང”བཅས་ཡུལ་མི་འདྲ་བ་གསུམ་དུ་དཔྱད་སྡུར་གླེང་སྟེགས་སྤེལ། དེ་ཡང་ཀྲུང་ཕྱིའི་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣ་དང་པུའུ་ཀྲང་། རྒྱལ་སྤྱིའི་རྩ་འཛུགས་འགན་ཁུར་མི་སྣ། རྒྱལ་ཁབ་ཕྱི་ནང་གི་བཟོ་ཚོང་ལས་རིགས་དང་དེ་མིན་རིག་གཞུང་ལས་རིགས་ཀྱི་འཐུས་ཚབ་མི་སྣ་སོགས་ཟབ་ཞུགས་བྱས་ནས། གོ་ལ་ཧྲིལ་པོའི་ཉོ་འཚོང་འཕེལ་རྒྱས་དང་དཔལ་འབྱོར་འཕར་སྣོན་ཐད་ལ་བསམ་འཆར་ཤིས་ཚིག་ཕུལ་བར་སྐུལ་འདེད་བྱས། དེ་ལས་གཞན་འགྲེམས་སྟོན་གྲོས་ཚོགས་སྐབས་སུ་ད་རུང་སྲིད་ཇུས་ཀློག་འགྲེལ་གྲོས་ཚོགས་དང་ཕན་ཚུན་ངོ་འཕྲད་པའི་གྲོས་ཚོགས་འདོན་སྤྲོད། ལས་རིགས་ཞིབ་འཇུག་དཔྱད་སྡུར་གྲོས་ཚོགས། ཐོན་རྫས་གསར་བ་འགྲེམས་སྟོན་གྲོས་ཚོགས་སོགས་ཆེད་ལས་སྒྲིག་གཞིའི་བྱ་འགུལ་རབ་དང་རིམ་པ་སྤེལ་ཏེ་ཚོང་རྫས་འགྲེམས་སྟོན་དང་ཚོང་རྫས་ཉོ་བསྡུའི་གནད་འཁེལ་མཐུད་སྦྲེལ་ལ་སྐུལ་འདེད་བྱས་ཏེ་སྣ་འཛོམས་རང་བཞིན་གྱི་ཕན་ནུས་ངེས་ཅན་རྒྱ་བསྐྱེད་བྱས།

རང་ཞིང་ནི་འགྲེམས་སྟོན་ཁྲོད་ཟབ་ཞུགས་བྱེད་མཁན་ཞིག་ཡིན་པའི་ཆ་ནས་ད་ལྟའི་བར་མཚོ་སྔོན་ཉོ་འཚོང་བརྗེ་རེས་ཚོགས་པས་ཉོ་བསྡུའི་ཚོང་ཁང166ཟབ་ཞུགས་བྱས་ཡོད་ལ། ཟབ་ཞུགས་མི་སྣ་ཡང་མི་གྲངས་313 དེར་འབྲེལ་ཁྱབ་ཁོངས་ལ་ཡང་རླངས་འཁོར་ཕྱིར་འཚོང་དང་སྨན་བཅོས་སྒྲིག་གཞི། སྨན་བཅོས་རྒྱུ་ཆ། ཟས་རིགས། ཚོང་ཟོག་འཁོར་རྒྱུགས། ཡུལ་སྐོར་ཞབས་ཞུ། ཐོན་རྫས་སིལ་འཚོང་སོགས་འདུས། མཚོ་སྔོན་གྱི་བརྗོད་དོན་བྱ་འགུལ་དེ་ཟླ11པའི་ཚེས9ཉིན་གྱི་སྔ་དྲོར་རྒྱལ་ཁབ་འགྲེམས་སྟོན་ལྟེ་གནས་ནས་སྤེལ་རྒྱུ་ཡིན་ལ། ད་ལྟའི་ཆར་རྒྱབ་སྐྱོར་ཐོབ་པའི་འབྲེལ་ཡོད་ལས་ཁུངས་ལ་ཆེས་ཐོག་མར་ཨ་རི་དང་ཁ་ན་ཏ། འཇར་མན། ཨུ་རུ་སུ། ཞུང་ཡ་ལེ། ཉི་ཧོང་སོགས་རྒྱལ་ཁབ་ཀྱི་ཟས་རིགས་དང་། རྒྱུན་སྤྱོད་ཐོན་རྫས། སྨན་རྫས། སྨན་བཅོས་ཡོ་བྱད། བདེ་སྲུང་ཡོ་བྱད། རླངས་འཁོར། ཁྱིམ་སྤྱོད་གློག་ཆས་སྒྲིག་གཞི་སོགས་ལས་རིགས་གྲགས་ཅན་གྱི་ཚོང་རྫས་འགྲེམས་སྟོན་ཟབ་ཞུགས་བྱས་ཏེ་རང་ཞིང་གི་མཐུད་སྦྲེལ་བྱ་འགུལ་དེ་གཏན་ཁེལ་བྱས་ཡོད། དེ་ལས་གཞན་པའི་བྱ་འགུལ་གྱི་གྲ་སྒྲིག་བྱ་བ་དག་ཀྱང་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་བྱེད་བཞིན་པའི་སྒང་ཡིན།

ལོ་ཙཱ་བ། ལྷ་དཔལ་སྐྱབས།