མཚོ་སྔོན་གྱིས་ཁྱོན་ཡོངས་ནས་བདེ་ཐང་དབུལ་སྐྱོར་ལག་བསྟར་བྱས་ཏེ་ལོ་གསུམ་མཁྲེགས་གཏོར་བྱ་འགུལ་སྤེལ་བ།

གསར་འགོད་པས་མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་འཆར་ལྡན་བུ་སྐྱེ་ཨུ་ལྷན་ནས་རྒྱུས་ལོན་བྱུང་བ་ལྟར་ན། མཚོ་སྔོན་གྱིས་ཁྱོན་ཡོངས་ནས་བདེ་ཐང་དབུལ་སྐྱོར་གྱི་ལོ་གསུམ་མཁྲེགས་གཏོར་བྱ་འགུལ་སྤེལ། དེ་ཡང་སྨན་བཅོས་ལ་བརྟེན་ནས་འགན་སྲུང་དམའ་བའི་ཚད་གཞི་ལ་འགན་སྲུང་བྱེད་པའི་བྱེད་སྒོ་སོགས་མཁྲེགས་གཏོར་བྱ་འགུལ་ཆེན་མོ་དྲུག་ལག་བསྟར་བྱས་ཤིང་། དབུལ་ཕོངས་མི་གྲངས་ཀྱི་གཞི་རྩའི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུ་དང་ནད་ཀྱི་དབང་གིས་དབུལ་པོར་གྱུར་བ་སྔོན་འགོག ནད་ཀྱི་དབང་གིས་ཡང་བསྐྱར་དབུལ་པོར་གྱུར་བ་སོགས་ཀྱི་ཐད་ལ་འགན་སྲུང་བྱས།

མཚོ་སྔོན་བདེ་ཐང་དབུལ་སྐྱོར་ལོ་གསུམ་མཁྲེགས་གཏོར་བྱ་འགུལ་གྱིས་གཙོ་བོ་སྨན་བཅོས་ལ་བརྟེན་ནས་འགན་དམའ་བའི་ཚད་གཞིའི་བྱ་འགུལ་ལ་འགན་སྲུང་བྱས་ཤིང་། གཞི་རིམ་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིའི་ནུས་པ་ཡང་མཐོར་འདེགས་སུ་བཏང་། ནད་ཚབས་ཆེན་དང་དལ་བའི་རང་བཞིན་གྱི་ནད་སོགས་ལ་གནད་འཁེལ་མྱུར་སྐྱོབས་བྱ་འགུལ་སྤེལ། འགོས་ནད་རང་བཞིན་གྱི་ནད་དང་ས་གནས་རང་བཞིན་གྱི་ནད་སོགས་གཙོ་བོར་བཟུང་སྟེ་སྣ་འཛོམས་རང་བཞིན་ལྡན་པའི་སྒོ་ནས་སྔོན་འགོག་ཚོད་འཛིན་བྱ་འགུལ་སྤེལ་ཏེ། བུད་མེད་དང་བྱིས་པའི་བདེ་ཐང་ལ་སྐུལ་འདེད་བྱེད་པ། དབུལ་ཕོངས་ས་ཁུལ་གྱི་བདེ་ཐང་དབུལ་སྐྱོར་བྱ་འགུལ་དེ་གཙོ་བོར་བཟུང་ནས་མཁྲེགས་གཏོར་བྱེད་སྒོ་མི་འདྲ་བ་དྲུག་ལྷག་སྤེལ།

སྨན་བཅོས་དང་འགན་སྲུང་དམའ་བའི་འགན་བཅོལ་ཐད་མཚོ་སྔོན་གྱིས་སྨན་བཅོས་རིན་དངུལ་ལ་དོ་དམ་ཚོད་འཛིན་ནན་མོ་བྱས་ཏེ་རོང་འབྲོག་ས་ཁུལ་གྱི་དབུལ་ཕོངས་མི་གྲངས་ཀྱི་ཞག་སྡོད་དང་སྒོ་བསྟེན་སྨན་བཅོས། དེ་ལས་གཞན་པའི་སྨན་བཅོས་རིན་དངུལ་སོགས་ཀྱི་སྡུར་ཚད་དེ10%ཡི་ནང་དུ་ཚོད་འཛིན་བྱས། དབུལ་ཕོངས་མི་གྲངས་ཀྱི་སྨན་བཅོས་རིན་དངུལ་འགན་འཁྲི་དེ་རང་གིས་འགན་སྒྲུབ་ཐུབ་པའི་ཁྱབ་ཁོངས་ཁྲོད་དུ་ཚོད་འཛིན་བྱས་པ་རེད།

མཚོ་སྔོན་གྱིས་མུ་མཐུད་དུ་རིགས་སོ་སོའི་འགན་བཅོལ་ལམ་ལུགས་ཀྱི་མཐུད་སྦྲེལ་རིགས་སོ་སོར་ཤུགས་སྣོན་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་ཁྱབ་ཁོངས་སུ་གཏན་ཁེལ་བྱས་པའི་སྨན་བཅོས་སྒྲིག་གཞི་དེས་རོང་འབྲོག་ས་ཁུལ་གྱི་དབུལ་ཕོངས་མི་རྣམས་ཞག་སྡོད་སྨན་བཅོས་རིན་དངུལ་དེ་རྣམ་པ་གཅིག་གི་བྱེད་ཐབས་ལ་བརྟེན་ནས་རྩིས་གསལ་པོ་བརྒྱབ། ཁྱོན་ཡོངས་ནས་ཡིག་ཚགས་དང་བྱང་བུ་བཟོས་པའི་དབུལ་ཕོངས་མི་དམངས་རྣམས་ལ་ཐོག་མར་སྨན་ཁང་དུ་སྡོད་པ་དང་རྗེས་སུ་རྩིས་རྒྱག་པའི་སྲིད་ཇུས་ལག་བསྟར་བྱས། རིམ་པ་སོ་སོའི་སྨན་བཅོས་ལས་ཁུངས་དག་གིས་སྨན་ཁང་ལ་འདུག་སྐབས་ཀྱི་སྔོན་འགྲོའི་གཏའ་དངུལ་མེད་པར་བཟོས་ཤིང་སྨན་ཁང་ནས་འབུད་དུས་ད་བཟོད་སྨན་རིན་རྩིས་སྤྲོད་ཆོག་པར་བྱས་ཡོད།

ལོ་ཙཱ་བ། ལྷ་དཔལ་སྐྱབས།