བོད་ཀྱི་དམག་ཁྲིམས་ཀྱི་སྐོར།

དུང་དཀར་ཡོན་ཏན་རྒྱ་མཚོ།

དེ་ཡང་བརྒྱ་ཕྲག་དྲུག་པ་དང་བདུན་པ་བརྒྱད་པ་སོགས་ཀྱི་སྐབས་བོད་ཆེན་པོ་ཞེས་འཛམ་གླིང་ན་འགྲན་ཟླ་དང་བྲལ་བའི་རྒྱལ་ཁབ་ཆེན་པོ་ཞིག་ཡོད་པ་དེ་ནི་ཐབས་དང་དཔའ་མཛངས་ལྡན་པའི་རྒྱལ་བོ་དང་བློ་བརྟན་ལ་རྣམ་དཔྱོད་འབར་བའི་བློན་ཆེན། དེ་མིན་དམག་གི་ཁྲིམས་བཙན་པ་དང་གོ་རིམ་ཡོད་པ་སོགས་ལ་བརྟེན་ནས་བྱུང་བ་ལས་བན་བོན་གྱི་ཆོས་ལུགས་སྣ་ཚོགས་ལ་བརྟེན་ནས་བྱུང་བ་ནི་རྩ་བ་ནས་མིན་ནོ།། དེ་བཞིན་སྐབས་དེར་བློན་པོའི་རིམ་པ་དང་ལས་བྱེད་པའི་ལམ་སྲོལ་སོགས་ཧ་ཅང་གོ་རིམ་ལྡན་ཞིང་རྨད་དུ་བྱུང་བ་ཞིག་ཡོད་པ་རེད། དགུང་བློན་ཆེ་འབྲིང་ཆུང་གསུམ། ནང་བློན་ཆེ་འབྲིང་ཆུང་གསུམ། བཀའ་ཡོལ་གལ་འཆོས་པ་སྟེ་ཁྲིམ་དཔོན་ཆེ་འབྲིང་ཆུང་གསུམ་སོགས་བློན་ཆེན་རིམ་པ་དགུ་ཡོད་ལ། དེ་རེ་རེའི་ལས་དང་གོ་སའི་ཐམ་ག་སོགས་མི་གླེང་བར་བྱ་འོ།། དེ་མིན་ལས་བྱེད་པའི་སྐོར་ལ་དཔོན་རིམ་པ་དྲུག་ཡོད་དེ། ཡུལ་དཔོན། དམག་དཔོན། ཆིབས་དཔོན། རྔན་དཔོན། ཁྲུ་དཔོན། དྲང་དཔོན་ཏེ་ཞལ་ལྕེ་འམ་ཁྲིམས་ལག་ལེན་བྱེད་མཁན་གྱི་དཔོན་སོགས་དྲུག་ཡོད་པ་རེད། དེ་མིན་ནང་བློན་བཟང་པོ་རྣམ་དྲུག་དང་ཕྱི་བློན་བཙན་པོ་རྣམ་དྲུག མེད་ཐབས་མེད་པའི་བློན་ཆེན་བཞི་སོགས་དཔོན་རིགས་དང་ལས་བྱེད་ཀྱི་སྐོར་ནས་འཐུས་ཚང་བ་ཞིག་ཡོད་པ་རེད། མི་དེ་དག་ཡོད་པ་ཙམ་གྱིས་མི་ཆོག་སྟེ་དེ་དག་གིས་གཙུག་ཏུ་བཀུར་འོས་ཀྱི་ཁྲིམས་ཡིག་ཤིག་ཡོད་པ་དེ་དཔོན་ཐམས་ཅད་ཀྱི་གཞི་འཛིན་ས་ཡིན་པས་ན། ཆོས་རྒྱལ་སྲོང་བཙན་མཆོག་གི་སྐུ་ཚེའི་སྟོད་དང་ཡབ་གནམ་རུ་སྲོང་བཙན་གྱི་སྐབས་བཅས་དེའི་སྔོན་ཐམས་ཅད་ལ་ཁྲིམས་ཡིག་ཅེས་གཞུང་ལུགས་དང་ལེའུ་ཅན་ཞིག་མེད་པས་ཁྲིམས་ལ་གང་འགལ་གྱི་ཁྲིམས་ཐག་དེ་དཔོན་རང་ཉིད་ནས་གཅོད་པ་རེད། དེ་བས་ཉེ་པ་ཆེ་ཆུང་དེ་རང་གི་བསམ་ཚོད་ལྟར་ཕོའི་མིག་འདོན་པ། མོའི་སྣ་འབྲེག་པ། ལྕགས་ཚན་གཏོང་བ། རྐང་ལག་གཅོད་པ། མགོ་གཅོད་པ། པགས་པ་གསོན་བཤུ་བྱེད་པ། ཀོ་བས་བཏུམ་ནས་ཆུར་གཡུག་པ་སོགས་གདུག་ཅིང་རྩུབ་པའི་ཁྲིམས་སྣ་ཚོགས་གཏོང་སྲོལ་ཡོད་པ་རེད། ཁྲིམས་ཁང་ཡང་ས་དོང་བརྐོས་པའི་ནང་དུ་ལོ་གཉིས་གསུམ་རེ་བཅུག་པར་བྱེད་པ་སོགས་མདོར་ན་ཁྲིམས་དཔོན་སོ་སོའི་འདོད་མོས་ལྟར་ཁྲིམས་ཐག་གཅོད་པ་ཡིན་པས་འབངས་ཀྱི་བློ་ལ་མ་འཚམས་པས་ལྷིང་འཇགས་མ་བྱུང་བ་དང་རྒྱལ་ཁབ་ཡང་སྟོབས་ཤུགས་རྒུད་པ་སོགས་བྱུང་བས་སྲོང་བཙན་མཆོག་གིས་སྔོན་ཡང་ཁྲིམས་གཏན་འཁེལ་བ་ཞིག་མེད་པས་རྒྱལ་ཕྲན་རྣམས་ལ་བཟང་ངན་ཤོར་བས་གྱེན་ལོག་བྱུང་བ་དང་སོ་སོར་ཐོར་བ། ད་དུང་ཡང་ཁྲིམས་ཞེས་གཞི་འཛིན་ས་དང་ཐམས་ཅད་ལ་ཁྱབ་པ་ཞིག་མེད་ཚེ་འབངས་རྣམས་ལ་སྡུག་བསྔལ་བར་འགྱུར་རོ་ཞེས་ཁོས་སོ་དྲུག་སྟེ། བཀའ་འགྲོས་ཆེན་པོ་དྲུག ཡིག་ཚང་དྲུག བཀའ་ཡི་ཕྱག་རྒྱ་དྲུག རྐྱེན་དྲུག དཔའ་མཚན་དྲུག ཁྲིམས་ཡིག་དྲུག་སོགས་དང་། ཁྲིམས་ཡིག་ཞལ་ལྕེ་བཅུ་གསུམ། ཁྲིམས་ཡིག་ཆེན་པོ་དྲུག་གམ་བདུན། མི་ཆོས་གཙང་མ་བཅུ་དྲུག རྒྱལ་ཁྲིམས་བཅོ་ལྔ་སོགས་མཛད་ནས་ཆོས་སྲིད་ཞི་དྲག་གང་ཅིའི་ཐད་ནས་ཁྲིམས་དང་མཐུན་པར་བྱས་པས་གངས་རིའི་ལྗོངས་འདི་ཉིད་འཛམ་གླིང་འདིའི་ཐོག་འགྲན་པའི་ཟླ་མེད་པའི་རླབས་ཆེན་གྱི་རྒྱལ་ཁབ་ཅིག་ཏུ་བཟོས་པ་རེད། ལྷག་པར་དུ་དམག་ཁྲིམས་སྐོར་ལ་དམ་དྲག་མཛད་ཅིང་གཙོ་བོར་བྱེད་པ་དང་། དམག་ཁྲིམས་ཡང་ཧ་ཅང་བཙན་པོ་ཡོད་པ་རེད། དེ་བས་མི་དཔའ་བོ་རྒྱལ་འབངས་ལ་བློ་སེམས་དཀར་བ་དག་ལ་རྒྱལ་བོ་རང་ཉིད་ནས་ཀྱང་གུས་པ་བྱེད། དམག་འཐབ་བྱེད་སྐབས་མདུན་དམག་རྣམས་ཤི་ཡང་རྒྱབ་དམག་རྣམས་མདུན་དམག་གི་ཚབ་ཏུ་ཐེ་ཚོམ་མེད་པར་བསྐྱོད་པས་ཕ་རོལ་བོས་ཤིན་ཏུ་ནས་འཐབ་དཀའ་བ་ཡོད། ཁྱིམ་གྱི་ནང་ནས་མི་མང་པོ་དམག་གམ་གཡུལ་ས་ནས་ཤི་ན་ཁྱིམ་ཚང་དེའི་སྒོར་དམག་གི་ཁྲབ་ཅིག་ཕྱུང་སྟེ་ངོ་སོ་ཧ་ཅང་ཆེན་པོ་བྱེད། དཔའ་བོའི་རྒྱུད་དུ་བརྩི། དེ་མིན་དམག་སར་མ་སོང་བ་དང་རྒྱལ་འབངས་ཆེད་དུ་བྱ་བ་གང་ཡང་མ་བྱས་པ་ནད་དང་རྐྱེན་གྱིས་ཤི་བ་དག་ལ་མཐོང་ཆུང་བྱེད་ཀྱི་ཡོད་པ་རེད། དམག་ས་ནས་ཕམ་ཞིང་ཕྱིར་བྲོས་པའི་རིགས་ལ་ཝའི་མཇུག་མ་མགོར་བཏགས་ཏེ་མི་མང་ཚོགས་སར་སུག་བཞི་བཙུགས་ནས་ཁྱི་སྐད་སོགས་འདོན་དུ་འཇུག་པ་རེད། དམག་འདྲེན་སྐབས་གསེར་གྱི་མདའ་མོ་རིང་ཚད་ཚོན་བདུན་ཡོད་པ་ཅན་ཞིག་སྔོན་དུ་བཏང་བར་བྱེད། ལེ་བར་བརྒྱ་རེའི་མཚམས་སུ་ཞག་འདུག་བྱེད་སའི་མཁར་རེ་དང་ཁྲིམས་ཁང་རེ་རྩིག་སྲོལ་ཡོད་པ་རེད་འདུག དམག་རུ་ཕན་ཚུན་བར་བརྡ་ལན་གཏོང་བྱེད་དུ་བརྡ་སྐྱེལ་ཕུག་རོན་གཏོང་སྲོལ་འདུག དགྲ་བོས་ཚུར་རྒོལ་བའི་རྟགས་སུ་མེ་གཏོང་བར་བྱེད། ཁྲབ་དང་རྨོག་ཞུ་བཟང་པོ་གྱོན། དམག་མིའི་གོས་ལ་མཐུད་མཚམས་གཉིས་ལས་མེད་པ་རེད་འདུག གོས་དེ་ལ་གྲི་ཇི་ལྟར་རྣོ་ཡང་སྐྱོན་བྱེད་མི་ཐུབ། དགྲ་བོའི་ལག་ནས་འཕྲོག་བཅོམ་བྱས་པའི་དངོས་རྫས་གང་ཡོད་རྣམས་དམག་མི་ཁོ་ནའི་ཕོག་བྱེད་པ་རེད། སྐབས་དེ་ལ་དམག་ཁྲིམས་དེ་ཙམ་ལས་མེད་པ་དང་སྲོང་བཙན་གྱི་སྐུ་ཚེའི་སྨད་ལ་མཛད་པའི་ཁྲིམས་ཡིག་ཞལ་ལྕེ་བཅུ་མཛད་པའི་ནང་དང་པོ་དཔའ་བོ་སྟག་གི་ཞལ་ལྕེ་ཞེས་པའི་ནང་གསལ་བའི་བོད་ཆེན་པོའི་དམག་གི་འགྲོ་ལུགས་ཉུང་ཙམ་འདིར་བྲིས་ན། དེ་ལའང་དམག་དཔོན་ནམ་རུ་དཔོན། དེ་ནས་དམག་ལ་འགྲོ་ཁའི་གཏམ་བརྗིད་ཅིང་སྙིང་འདར་བ། གོ་ན་བྲེལ་འཚུབ་ལངས་པ། དམག་ལ་ཆས་ཁའི་གྲ་སྒྲིག་ནི། རང་རང་གི་སྲོག་སྐྱོབ་པའི་རྟ་ཕོ་མགོ་ཕིབས་ཀྱི་གུར། སྲོག་ཁེབ་ཀྱི་ཁྲབ། འཁྱོར་སྐྱོང་གི་ལུས་ཆས་རྣམས་དམག་མི་རེ་རེར་དང་དོད་ཆེན་པོ་བྱེད་པ་མ་ཟད་ཆད་ལྷག་ཅན་རྣམས་ཁྲིམས་ཀྱིས་སྐྱོང་། དེ་མིན་དམག་སྒར་ཕབ་ལུགས། དྲག་པོའི་དམག་ལ་མེད་དུ་མི་རུང་བ་བཞི། དམག་རོང་ལ་འགྲོ་ཚུལ། དམག་བྱང་ཐང་ལ་ཆས་ཚུལ་སོགས་མཐའ་ཡས་པ་ཡོད་པ་རེད། དེ་ལས་དམག་དགྲ་དང་འཐབ་ཚུལ་དེ་ལ་ཡང་འདི་ལྟ་སྟེ། བོད་དམག་རྣམས་དགྲ་སྡེ་དང་འཐབ་སྐབས་རུ་གསུམ་སྟེ་གཡས་གཡོན་མདུན་བཅས་སུ་དམག་གི་རུ་བ་གསུམ་རེ་སྒྲིག་པ་དང་། ཐུག་གསུམ་སྟེ་དེ་དག་གི་རྒྱབ་ཏུ་རྐང་དམག་གསུམ་ཕྲེང་སྒྲིག་པ་རེད། དེ་ནས་རྔ་དང་དུང་ཆེན་ཀ་གླིང་གི་རུ་བ་སྒྲིགས་ཤིང་ཀི་སྒྲ་དང་སྒྲ་ཆེན་གྱིས་གནམ་ས་གཡོ་བ་ལྟ་བུར་བྱེད། ད་དུང་གཡས་ཕྱོགས་ཀྱི་གདོང་དུ་མེ་མདའ། གཡོན་ཕྱོགས་ཀྱི་གདོང་དུ་མདའ་བ། བར་བར་དུ་མདུང་ཅན་དགྲ་སྟ་དང་གྲི་རིང་ཐོགས་པ། དེའི་རྒྱབ་ཏུ་ཞོན་རྟ་ལྕགས་ཐག་གིས་སྦྲེལ་བ་ལག་ན་མདུང་ཐོགས་པ། དེའི་རྒྱབ་ཏུ་རྟ་དམག་དང་རྐང་དམག་དཀྱུས་མའི་རིགས་བཙན་ཞིང་ཚང་ཁ་ཆེ་བ་ལྟ་བུ། དེའི་རྒྱབ་ཕྱོགས་བར་ཐག་ལེ་བར་གཅིག་གིས་ཆོད་མཚམས་ན་རྟ་དམག་དང་རྐང་དམག་སྣ་ཚོགས་བྱ་སྤུ་གནོན་པ་ལྟ་བུ་གྲངས་མང་བ་ཡོད་པ་རེད། གཡས་གཡོན་གྱི་དམག་རྣམས་དགྲ་ལ་འཐབ་སྐབས་ཕྱོགས་གཅིག་ཏུ་སྤུངས་ནས་བློ་བུར་དུ་ཐུམས་ཧྲིལ་སེ་བརྒྱུགས་པ། དམག་སྡེ་རེ་རེའི་རུ་དར་འཁྱེར་ཞིང་སྣེ་ཁྲིད་པ་དེ་དགྲ་བོའི་ཕྱོགས་སུ་བལྟས་ནས་ཕྱིར་འཁོར་མེད་པར་བརྒྱུགས་པ། དེ་ནས་དམག་མང་གིས་རུ་དར་ལ་བལྟས་ནས་བརྒོལ་བར་བྱེད་པ། དམག་རྣམས་འདུག་པའམ་ཡང་ན་ས་མཚམས་སོགས་ནས་འདུག་དགོས་ཚེ་ཡུལ་གཅིག་ཏུ་སྡོད་པ། བྱང་དམག་གིས་དགྲ་སྡེའི་གཞུག་ནས་རྒོལ་བ་དང་། ལྷོ་དམག་གིས་དགྲ་སྡེའི་དཀྱིལ་ལ་རྒོལ། རྟ་དམག་དང་རྐང་དམག་དཀྱུས་མས་མཐའ་ནས་བསྐོར་བར་བྱེད། དེ་མིན་དམག་མ་དྲངས་པའི་སྔ་རོལ་དུ་དགྲ་བོ་གང་འགྲོ་གང་འདུག་དང་ས་ཆ་ལུང་བའི་དབྱིབས་སོགས་བཙན་རྫོང་དང་བཙན་སའི་གནས་བབ་ལ་བརྟག་དཔྱད་ཞིབ་མོ་བྱེད་པ་མ་ཟད། ལྐོག་ནས་ཉུལ་མ་དང་ལམ་ཁྲིད་མཁན་སོགས་ཡང་འཚོལ་བ་རེད། དམག་སྒར་ཕབ་ལུགས་ཡང་དམག་གྲངས་མང་ན་ཆུ་དང་ཉེས་ཤིང་རྒྱབ་ཕྱོགས་བཙན་པའི་ས་ནས་འདུག རང་ཕྱོགས་བཙན་མིག་སྟེ་རང་བྱུང་གི་བཙན་རྫོང་ལྟ་བུའི་ཡུལ་ནས་འདུག དེ་ནས་གཞན་ཕྱོགས་གང་འགྲོ་གང་བྱེད་ལ་བརྟག་དཔྱད་བྱེད། ནང་ཁུལ་མཐུན་པ་བྱས་ནས་དགྲ་ལ་འཐབ། གཞུ་འཕེན་སྐབས་ཚང་མས་ཡུལ་ཕྱོགས་གཅིག་ཏུ་འཕེན་དགོས་པ་དང་གཞུག་མ་ཕྱི་ནུར་མི་བྱེད་པ་སོགས་ལ་བརྩོན་དགོས། དེ་བཞིན་དུ་དམག་ཁྲིམས་ཤིན་ཏུ་ལེགས་ཀྱང་ཆིག་སྒྲིལ་གྱི་སྟོབས་ཤུགས་བླ་ན་མེད་པ་ཞིག་ཡོད་པའི་རྐྱེན་ལ་བརྟེན་ནས་འཛམ་གླིང་འདིའི་ཐོག་དྲག་པོའི་སྟོབས་ཤུགས་འགྲན་ཟླ་དང་བྲལ་བ་རྒྱ་གར་གྱི་རྒྱལ་བོ་དགའ་བའི་ལྷ་དང་རྒྱ་ནག་རྒྱལ་བོ་ནང་ནས་སྟོབས་ཤུགས་ཆེ་བ་ཐང་ཐེ་ཙུང་སོགས་ཀྱང་ཕམ་ཉེས་བཏང་བ་རེད་དོ།། དེ་བཞིན་བོད་ཆེན་པོའི་དམག་གི་དྲག་པོའི་སྟོབས་ཤུགས་ཀྱི་སྐོར་ལས་དམག་གི་རྩེ་མོ་འམ་ཡང་རྩེར་གྱུར་བའི་དཔའ་སྡེ་གསུམ་ནི། མཐའི་ས་མཚམས་སྲུང་བའི་ཕྱིར་དུ་བོད་ཀྱི་བྱང་ཤར་ས་མཚམས་སུ་འཇོག་ཅིང་། སྟོད་ཀྱི་དཔའ་སྡེས་དྲུ་གུ་བཏུལ། བར་གྱི་དཔའ་སྡེས་འཇང་བཏུལ། སྨད་ཀྱི་དཔའ་སྡེས་རྒྱ་ནག་བཏུལ་ཞེས་གྲགས་པ་ལྟར་དང་། སྨད་ཀྱི་དཔའ་སྡེས་རྒྱ་བཏུལ་ཟེར་བའི་སྨད་ཀྱི་དཔའ་སྡེའི་རྒྱུད་ནི་ཅོ་ནེ་དང་འབྲུག་ཆུ། ཐེ་བོ་སོགས་སུ་ཧ་ཅང་མང་བ་དང་ད་ཆ་དེ་དག་ཏུ་ད་ལྟ་ད་དུང་ཡང་ཡུལ་དང་སྡེ་མིང་ལ་དམག་རུ་དང་རུ་ཆུང་ཟེར་བ་སོགས་སྔོན་གྱི་བརྡ་མ་ཉམ་པར་ཡོད་པ་རེད་དོ།། དེ་མིན་དྲག་པོའི་སྟོབས་ཤུགས་ལ་དབུས་རུ་སྟོང་སྡེ་བཅུ། གཡོ་རུ་སྟོང་སྡེ་བཅུ། གཡས་རུ་སྟོང་སྡེ་བཅུ། རུ་ལག་སྟོང་སྡེ་བཅུ། ཞང་ཞུང་སྟོད་ཀྱི་སྟོང་སྡེ་ལྔ། ཞང་ཞུང་སྨད་ཀྱི་སྟོང་སྡེ་ལྔ། སུམ་བྷ་སྟོང་ཁྱབ་སྟོང་སྡེ་བཅུ་གཅིག་བཅས་སྟོང་སྡེ་རེ་ལ་དམག་ཁྲི་རེ་ཡོད་པར་བཤད་ལ། དེ་ལྟར་ན་སྟོང་སྡེ་དྲུག་ཅུ་རྩ་དྲུག་ཡོད་པར་བརྟེན་སྐབས་དེར་བོད་ཆེན་པོའི་དམག་གྲངས་འབུམ་དྲུག་ནས་བདུན་བར་ཡོད་ཚོད་འདུག་གོ། ཁྲི་སྡེ་རེ་དྲུག་གདོང་དམར་བོད་ཀྱི་དམག། སྟོད་ཀྱི་རྒྱ་གར་སྨད་ཀྱི་རྒྱ་ནག་སོགས།། འཛམ་གླིང་འདི་ན་སྟོབས་ཀྱིས་འགྱིང་བ་དག། རེ་ཞིག་དྲག་པོའི་དཔུང་གིས་བཏུལ་བའི་གཏམ།། བན་བོན་ཆོས་ལྟར་མི་སྣང་ཐག་རིང་ཞིག། ག་ལ་ཡིན་ཏེ་བདེན་པའི་ལོ་རྒྱུས་སོ།།