བྱིས་པ་ཚོའི་མིག་ལ་བདག་བྱེད་ཐབས།

ཀྲུང་གོའི་ཕ་མས་བུ་ཕྲུག་ལ་ཁ་པར་གང་འདོད་དུ་རྩེ་རུ་འཇུག་དུས། ཧྥ་རན་སེ་སྲིད་གཞུང་གིས་ཁ་པར་བཀག་པའི་དོན་དག་ཅིག་བསྒྲགས་འདུག

མཐའ་སྒྲོལ་གྱིས་བསྒྱུར།

༢༠༡༨ལོའི་ཟླ༧པའི་ཚེས༣༠ཉིན། ཧྥ་རན་སེའི་བྱིས་པ་རྣམས་དབྱར་གནང་གི་སྤྲོ་སྐྱིད་ནང་དུ་རོལ་འདུག་པའི་སྐབས།ཁོ་ཚོ་ལ “ཧང་སངས་པའི”བརྩེ་བའི་ལག་སྐྱེས་ཤིག་འབྱོར།

ཧྥ་རན་སེའི་རྒྱལ་དམངས་གྲོས་ཚོགས་ཀྱིས་ཁྲིམས་གཞི་གསར་བ་ཞིག་ལ་ཆོག་མཆན་བཀོད།ཁྲིམས་གཞི་དེས་བྱིས་སྐྱོང་གླིང་དང་། སློབ་ཆུང་། དམའ་འབྲིང་ཡོད་ཚད་ཀྱི་ནང་དུ། རིག་སྟོབས་ཁ་པར་དང་།ལག་འཛིན་རྩིས་འཁོར། ལག་འདོགས་དུས་ཚོད་ནུས་པ་སྣ་ཚོགས་ཅན་སོགས་དྲ་འབྲེལ་ཐུབ་པའི་འཕྲིན་སྐྱེལ་ལག་ཆ་ཚང་མ་བཀག

ཁྲིམས་གཞི་འདི༢༠༡༨ལོའི་ཟླ༩བར་སློབ་འགོ་འཛིན་དུས་ལག་བསྟར་བྱེད་དགོས།

སློབ་གྲྭའི་སྒྲིག་ཁྲིམས་ཐད་ཀྲུང་གོ་ཧ་ཅང་བཙན་མོད།ད་ཐེངས་ཧྥ་རན་སེས་ཁྲིམས་ལ་བརྟེན་ནས་སློབ་གྲྭ་ཆུང་འབྲིང་ན་ཁ་པར་བཀག་པ་མཐོང་དུས། དོ་དམ་ནན་མོ་བྱེད་པར་ཀྲུང་གོ་བ་གཞན་གྱི་དོ་ཟླ་མི་ཡོང་བ་རྟོགས།

ཀྲུང་གོའི་བྱིས་པས་སློབ་ཐུན་སྐབས་ཁ་པར་རྩེ་བ་མཐོང་དུས་གནས་སྐབས་སུ་ལེན་མོད།ཧྥ་རན་སེ་ན་ཁྲིམས་དང་འགལ་ཡོད། རྒྱལ་ཁབ་དེ་ན་ཉིན་གུང་ངལ་གསོ་དང་ཚོགས་བར་ཡིན་ནའང་ཁ་པར་སོགས་རྩེ་མི་ཆོག

ཧྥ་རན་སེའི་ཁྱིམ་བདག་གིས་བཀག་རྒྱ་འདི་གོ་མ་ཐག་སེམས་ལ་ཅི་ཤར་ཡོད་མེད་མི་ཤེས་མོད།ཀྲུང་གོའི་ཁྱིམ་བདག་རྣམས་ཀྱིས་བཀག་རྒྱ་དེ་གོ་མ་ཐག རང་གི་བྱིས་པ་ཧྥ་རན་སེ་ལ་བསྐྱལ་ཐུབ་ནའང་མི་བསམ་མཁན་ཕལ་ཆེར་མེད།

ད་རུང་མིག་སྔར་འཇལ་མན་གྱིས་ཀྱང་སློབ་གྲྭ་ཆུང་འབྲིང་ན་ཁ་པར་འགོག་དགོས་མིན་ལ་ཚ་ཚ་འུར་འུར་གྱིས་བགྲོ་གླེང་བྱེད་ཀྱི་འདུག

ཁ་པར་ལྟ་བུ་ཅ་ལག་འདི་འདྲ་ཆུང་ཆུང་ཞིག་གིས་རྒྱལ་ཡོངས་འུར་ཟིང་དུ་བཏང་བར་མ་ཟད།དེ་ལ་རྒྱལ་ཁབ་རིམ་པ་ནས་དོ་སྣང་བྱེད་དགོས་པ་ཅི་ལ་ཐུག་པ་རེད་ཅེ་ན། ང་ཚོས་གཤམ་གྱི་ཞིབ་འཇུག་ཅིག་ལ་བལྟ།

ལོ༡༠ལ་ཚན་རིག་ཞིབ་འཇུག་ཅིག་བྱས་ཡོད།དེས་ཁྱིམ་བདག་ཚོ་ཧ་ལས་སུ་འཇུག་སྲིད།

༢༠༠༨ལོར་ཨ་རིའི་སེམས་ཁམས་རིག་པ་བ་ཞིག་གིས་ཁ་པར་གྱིས་བྱིས་པར་ཤུགས་རྐྱེན་ཅི་ཐེབས་སྐོར་ལ་ཚན་རིག་ཞིབ་འཇུག་ཅིག་གི་འགོ་བཟུང་།

ཨ་རི་རྒྱལ་ཡོངས་ཀྱི་ས་ཁུལ་མི་འདྲ་བ་ཁ་ཤས་ཀྱི་འབྱོར་འབྲིང་མན་གྱི་ཁྱིམ་ཚང་ན་བྱིས་པ༡༠༠བདམ་སྟེ།བྱིས་པ་དེ་ཚོ་ཚན་ཆུང་གཉིས་སུ་བགོས། ཚན་ཆུང་དང་པོ་ནི་ཁ་པར་ལ་མགོ་གཡེང་མཁན་ཚོ་རེད།ཚན་ཚུང་གཉིས་པ་ནི་ཁ་པར་དང་ཐུག་པའི་གོ་སྐབས་མེད་མཁན་ཚོ་རེད།དེ་ནས་ཚན་ཆུང་དེ་གཉིས་ལ་ལོ༡༠བར་རྗེས་དེད་དེ་བརྟག་དཔྱད་བྱས།

༢༠༡༨ལོ་སྟེ། ལོ༡༠ཡི་རྗེས་སུ་ཞིབ་འཇུག་པ་ཚོས་ཁོ་ཚོའི་བརྟག་དཔྱད་འབྲས་བུ་ཁྱབ་བསྒྲགས་བྱས།

ཚན་ཆུང་དང་པོ་ཁ་པར་ལ་མགོ་གཡེང་མཁན་གྱི་སློབ་མ༥༠ནང་།སློབ་མ༢མ་གཏོགས་གཞན་པས་སློབ་ཆེན་ལ་རྒྱུགས་མ་འཕྲོད།

ཚན་ཚུང་གཉིས་པ་ཁ་པར་དང་ཐུག་པའི་གོ་སྐབས་མེད་མཁན་གྱི་སློབ་མ༥༠ནང་ཕལ་ཆེ་བས་སློབ་ཆེན་ལ་རྒྱུགས་འཕྲོད།ཁོ་ཚོའི་ནང་སློབ་མ་གསུམ་གྱིས་མཐོ་འབྲིང་མཐར་ཕྱིན་རྗེས། རང་འགུལ་གྱིས་ཁྱིམ་ཚང་གི་ཁུར་བོ་ཇེ་ཡང་དུ་གཏོང་ཆེད་ལས་ཀར་ཞུགས།སློབ་མ་དེ་དག་གི་ནང་མི༡༦ལ་སློབ་ཡོན་བྱ་དགའ་ཐོབ།

ཞིབ་འཇུག་དེ་བསྒྲགས་མ་ཐག འཛམ་གླིང་ཡོངས་ཧ་ལས་སུ་བཅུགང་ཚོས་སློབ་ཆེན་དུ་རྒྱུགས་འཕྲོད་མིན་བྱིས་པ་ཞིག་གིས་རྒྱལ་ཁ་ཐོབ་མིན་འཇལ་བྱེད་དུ་བཤད་མི་ཉན་མོད།དེ་ནི་ཧ་ཅང་གལ་ཆེ་བའི་ཚད་གཞི་ཞིག་མིན་ཞེས་བཤད་ག་ལ་ཕོད།

དེའི་ཕྱིར། བྱིས་པ་ལད་དུ་འཇུག་བསམ་ན།ཁོ་ཚོར་ཁ་པར་ཞིག་བྱིན་པས་ཆོག་ཟེར།

ང་ཚོས་ཡང་བསྐྱར་གྲངས་ཀ་ཞིག་ལ་བལྟ།

▪བྱིས་པ་ཞིག་ལ་སྐར་མ༢༠རིང་བརྙན་ལྟ་རུ་བཅུག་ན།མིག་དབང་ཆ་སྙོམ༡༠.༤ཚད་ཀྱི་བར་ཇེ་ཞན་དུ་འགྲོ།

▪སྐར་མ༢༠རིང་གཤེར་ཤེལ་བརྙན་འཕྲིན་ལ་བལྟས་ན། མིག་དབང་ཆ་སྙོམ༡༨.༨ཚད་ཀྱི་བར་ཇེ་ཞན་དུ་འགྲོ།

▪ལག་འཛིན་རྩིས་འཁོར་སྐར་མ༢༠བར་རྩེས་ན། མིག་དབང་ཆ་སྙོམ༤༡.༧ཚད་ཀྱི་བར་ཇེ་ཞན་དུ་འགྲོ།

▪ཁ་པར་སྐར་མ༢༠བར་རྩེས་ན། མིག་དབང་ཆ་སྙོམ༤༣.༨ཚད་ཀྱི་བར་ཇེ་ཞན་དུ་འགྲོ།

སྐར་མ༢༠རིང་ཁ་པར་རྩེས་ནས་མིག་ལ་གནོད་པའི་ཚད། སྐར་མ༨༠ལ་བརྙན་ལ་བལྟས་པ་དང་།སྐར་མ༤༧རིང་གཤེར་ཤེལ་བརྙན་འཕྲིན་ལ་བལྟས་པ་གཅིག་པ་རེད།

གནོད་པ་ལ་དེ་ཙམ་གྱིས་ག་ལ་ཚད། ཁ་པར་རྩེ་མཁན་སུ་ཡིན་ན་གློ་ཉལ་བྱེད་པའམ།ཧྲ་ཧྥ་ལ་བསྙེས་ནས་འདུག་པ། ཡང་ན་ཉལ་ཁྲི་རུ་ཉལ་ནས་ལྟ་བ་སོགས་ལྟ་ཚུལ་སྐྱིད་པོ་སྣ་ཚོགས་བདམ་སྲིད།དེ་དག་གང་སྤྱད་ནའང་མི་ཡི་གཉའ་ཁ་དང་། ཤ་ནད། ད་དུང་མགྲིན་པ། ཕྲག་པ། སྒལ་ཚིགས་སོགས་ལའང་གནོད་པ་ཐེབས་སྲིད།

བྱིས་པ་ཚོའི་རུས་པ་ད་དུང་སྨིན་ཚར་མེད་པས། འཕྲལ་དུ་ངལ་གསོ་བྱེད་ཚུལ་ལ་ལེགས་བཅོས་མ་བྱས་ན།དེ་དག་བྱིས་པ་ཚོའི་ལུས་པོ་དར་བ་ལ་ཧ་ཅང་གནོད།

ཁ་པར་བྱིས་པའི་སེམས་ཁམས་ལའང་གནོད་པ་ཧ་ཅང་ཆེ།

༢༠༡༧ལོ་ཟླ༡༢པའི་ཚེས༡ཉིན་ཁོ་རེ་ཡ་ཀའོ་ལི་སློབ་ཆེན་གྱི་དབང་རྩ་རིག་པའི་སློབ་དཔོན་Hyung Suk Seoལགས་ཀྱིས་ཆི་ཁ་སྒོ་ཨ་རིའི་ཤར་ཕྱོགས་འཕྲོ་བ་རིག་པའི་ལོ་ཚོགས་སྟེང་།ཁོང་གིས་ལོ་ཆུང་གཞོན་ནུ“དྲ་གཡེང”ཚོའི་ཀླད་རྩའི་རྗས་འགྱུར་ཆ་སྙོམ་མིན་པའི་ཞིབ་འཇུག་ཁྱབ་བསྒྲགས་བྱས། ཆ་སྙོམ་མིན་པ་དེ་ནི། ཉམས་མྱོང་གི་འཇིགས་པ་ཅན་དང་། འཚེར་ནད་ཅན་གཉིས་དང་ཧ་ཅང་མཚུངས་པ་གསུངས།

རིག་སྟོབས་ཁ་པར་ལ་མགོ་གཡེང་བའི་ན་གཞོན་དག་ལ་འཚེར་བ་དང་།སེམས་ཁྲལ། གཉིད་མི་ཁུགས་པ་སོགས་ཀྱི་ཚད་སྤྱིར་བཏང་གི་མི་དག་ལས་མངོན་གསལ་དོད་པོས་མཐོ་བ་རེད།

དེ་ལས་ད་རུང་ཁ་པར་གྱིས་བྱིས་པར་སྐྲན་ནད་བསྐྱེད་པའི་ཉེན་ཁ་ཆེ་བ་དང་།བྱིས་པ་ན་སོ་སྨིན་པའི་སྐབས་ན་ཡོད་པས། ཀླད་པས་ཁ་པར་གྱི་འགྱེད་འཕྲོ་བསྡུ་བའི་འབོལ་ཚད་མི་དར་མ་ལས60%ཡན་ཡིན།

དབྱིན་ཇིའི་ཆེད་མཁས་ཀྱིས་ཡུན་རིང་བོར་ཞིབ་འཇུག་བྱས་པ་ལྟར་ན།ཁ་པར་གྱི་གློག་ཁབ་ལེན་ར་བས་བྱིས་པའི་ཉམ་ཆུང་གི་འགོག་ནུས་མ་ལག་ཇེ་ཞན་དུ་གཏོང་བར་མ་ཟད།དེས་ཁ་ཕྱིར་འཁོར་ཏེ་བྱིས་པའི་གློག་ཁབ་ལེན་ར་བའི་ཤུགས་རྐྱེན་ངན་པ་འགོད་པའི་ནུས་པ་ཇེ་ཞན་དུ་བསྒྱུར་ཡོད་ཟེར།

རྒྱལ་སྤྱིའི་སྟེང་གི་འཕྲོ་ལྡོག་རླབས་ཕྲན་ལ་ཞིབ་འཇུག་ཆེད་མཁས་ཀྱིས་བཤད་ན།ཁ་པར་གྱིས་རླབས་ཕྲན་བསྐྱེད་པ་དང་མཉམ་དུ་ད་དུང“ཧ་ཅང་དམའ་བའི་གློག་ཁབ་ལེན་ར་བ”བསྐྱེད་པ་དང་།ཚད་ངེད་ཅན་ཞིག་ལ་ཐོན་ན་ཁྲག་རིལ་དཀར་པོའི་འབྲས་སྐྲན་དང་སྐྲན་གཞན་པ་འབྱུང་ངེས་ལ། ལྷག་ཏུ་བྱིས་པ་ལ་གནོད་པ་ཆེ་བ་མངོན་གསལ་རེད་གསུངས།

བྱིས་པ་ཁ་པར་གྱི་རྩེད་མོ་ལ་གཡེང་བ་ཡིན་ན་ཆོགཁྱིམ་བདག་ཁ་པར་གྱི་འབྲེལ་ལམ་དང་བྲལ་མི་ཐུབ་པ་གང་ཡིན་ནའང་། དེ་གཉིས་ཀྱིས་ཕ་མ་བུ་ཕྲུག་བར་གྱི་འདང་བརྩེའི་འབྲེལ་ལམ་ལ་གནོད་པ་ཧ་ཅང་ཆེ་ཟེར།

བྱིས་པས་ཁ་པར་གྱིས་ཐད་གཏོང་ལ་ལྟ་བ།མདོ་འཛིན་ལ་འབུལ་བ་ཕུལ་བ། ཐད་གཏོང་ཡུལ་དངོས་ལ་བསྐྱོད་པ། དྲ་ནང་སྒོར་འཇོག་ས་ལ་སྒོར་བཞག་ནས་རྩེད་མོའི་ལག་ཆ་བསྒྲིག་པ།དྲ་ལམ་གྱི་སྒྲུང་དང་ཟློས་གར་གྱི་རྗེས་སུ་རྙེག་པ། འདོད་བརྙན་སོགས་དྲ་སྟེང་ན་བྱིས་པ་སླུ་བྲིད་གཏོང་བྱེད་གང་ཡིན་ན་མེད་པ་ཞིག་མི་འདུག

ང་ཚོས་བྱིས་པར་ཁ་པར་རྩེ་བའི་མཚམས་ཇི་ལྟར་འཇོག་ཏུ་འཇུག་དགོས།

ཁྱིམ་བདག་ཁ་ཤས་ཀྱིས་ཁ་པར་ལ་གནོད་པ་མང་བ་ཤེས་འཕྲལ།མྱུར་ཏུ་བྱིས་པའི་ལག་གི་ཁ་པར་བླངས་བཞག་ན་འགྲིག་པ་རེད་བསམ་མོད། དེ་འདྲ་བའི་སླ་མོ་ཞིག་གང་ན་ཡིན།ཁྱེད་ཀྱིས་བྱིས་པ་ཁ་པར་ལ་གཡེང་བའི་རྩ་བ་ཨེ་ཤེས། རྩ་བ་ཐག་མ་བཅད་པར། ནད་རྟགས་ཙམ་བཅོས་པ་ནི་ནད་རྩ་མ་ལོན་པ་དང་འདྲའོ།།

ཕྱོགས་བསྡོམས་ལྟར་ན།བྱིས་པ་ཁ་པར་ལ་གཡེང་བར་གཤམ་གྱི་རྒྱུ་རྐྱེན་དག་ཡོད།

“ཨ་ཕ་ཨ་མར་ང་དང་མཉམ་དུ་འདུག་ཁོམ་མེད། ཁ་པར་ནང་གྲོགས་པོ་ཧ་ཅང་མང་།”

“ཉིན་བཞིན་ཁྱིམ་དང་སློབ་གྲྭའི་བར་ལས་འཚོ་བར་དོན་སྙིང་མི་འདུག ཁ་པར་ནང་རྩེད་མོ་ཅི་དགོས་ན་དེ་ཡོད།”

“སློབ་སྦྱོང་སུན་སྤྱད་ཅིག་རེད། ཁ་པར་ནང་ཅི་ཡིན་ན་འདུག”

“ཨ་ཕ་ཨ་མས་ཀྱང་ཁ་པར་རྩེ་བཞིན་འདུག ང་ལ་སློབ་སྦྱོང་གི་འདུན་པ་མེད།”

“རྒྱུགས་འབྲས་ཞན། ཁུར་བོ་ཡང་ལྕི། དེ་ལས་ཁ་པར་རྩེས་ན་དཀའ་བ་མེད།”

དཀའ་ངལ་དེ་དག་ཇི་ལྟར་ཐག་གཅོད།

བྱིས་པས་ཁ་པར་མཚམས་འཇོག་མི་ཐུབ་པ། བྱིས་པ་གཅིག་པོའི་གནད་དོན་མིན། ཁྱིམ་མི་ཚང་མར་རག་ལས་ཡོད།ལྷག་ཏུ་ཕ་མ་གཉིས་གཙོ་བོ་ཡིན།

༡ འདུག་རོགས་བཟང་བོ་ཞིག་བྱེད་པ།

ཉིན་རེར་བྱིས་་པ་ལ་སྐར་མ༣༠རིང་འདུག་རོགས་བཟང་བོ་བྱས་ཏེ། བྱིས་པའི་སྐད་ཆར་ནན་མོར་ཉན་ཞིང་།ཁ་བརྡ་བྱེད་དགོས། ཀྲུང་གོའི་བྱིས་པ་མང་ཕྱོགས་ཕ་མ་ཡོད་ཀྱང་དྲྭ་ཕྲུག་ཏུ་གྱུར་ཡོད། ཕ་མ་བྱིས་པའི་འཁྲུས་སུ་ཡོད་ནའང་།བྱིས་པར་སུན་སྣང་ཡོད་པ་མི་ཤེས། དགོས་མཁོ་མི་ཤེས། ཡོན་ཏན་བཟང་བོ་རྒྱུད་ལ་བཞག་ཐུབ་མེད།

༢ ཁ་མིག་ཡར་ལྟའི་བཟང་ཆ།

གལ་སྲིད་ཕ་མས་ཁྱིམ་ནའང་ཁ་པར་ལག་པས་མི་བསྐྱུར་ན། བྱིས་པ་ལ་བཙན་གྱིས་ཁ་པར་མ་རྩེ་བཤད་སར་འགྲོའམ།

༣ རྩེད་མོ་དང་གན་རྒྱའི་ཐབས་ཤེས་སྤྱོད་དགོས།

ཐབས་བཀོད་སྣ་ཚོགས་འཐེན་ལྡན་ན་བཟང་། དཔེར་ན། ཉིན་རེར་ཁ་པར་སྐར་མ༣༠ཡུན་ལ་རྩེ་ཆོགདུས་ཚོད་ལ་ཐོན་ན་མཚམས་འཇོག་དགོས།

༤ ལུས་རྩལ་སོགས་ཕྱི་རོལ་གྱི་བྱ་འགུལ་ཇེ་མང་བྱེད་དགོས།

ཕྱི་རོལ་ལ་འགྲོ་འདོད་མེད་མཁན་གྱི་བྱིས་པ་མེད། བྱིས་པར་ལུས་རྩལ་རིགས་གཅིག་དང་གཉིས་ལ་དགའ་རུ་འཇུག་དགོས།

༥ ཚབ་འཚོལ་དགོས།

གལ་སྲིད་བྱིས་པས་ཁ་པར་གྱིས་དཔེ་ཆ་ལྟ་བར་དགའ་ན།དཔེ་ཆ་ངོ་མས་དེ་ཚབ་བྱེད་དགོས། གལ་སྲིད་བྱིས་པས་ཁ་པར་གྱིས་རྩེད་མོ་རྩེ་བར་དགའ་ན། བྱིས་པར་མིག་མངས་དང་།ཝེ་ཆེ་མིག་མངས་རྩེ་བར་བསྐུལ་དགོས།

༦ ཚན་རིག་དང་མཐུད་པའི་ལས་ཀ་དང་ངལ་གསོའི་དུས་ཚོད་རེའུ་མིག

དུས་ཚོད་ཅིའི་སྟེང་ཟ་མ་ཟ། དུས་ཚོད་ཅིའི་སྟེང་ལས་བྱ་འབྲི།དུས་ཚོད་ཅིའི་སྟེང་ཕྱི་རོལ་དུ་སོང་ནས་འཆམ་འཆམ་བྱེད། དུས་ཚོད་ཅིའི་སྟེང་ཁྲེས་བྱས་ཏེ་ཉལ།ཉིན་རེའི་ལས་ཀ་དང་ངལ་གསོ་ཚན་རིག་དང་མཐུན་པར་བཀོད་སྒྲིག་བྱས་ན། སུན་སྣང་གི་དུས་ཚོད་མེད་ལ།དེ་ལྟར་བྱས་ན་ཁ་པར་རང་བཞིན་གྱིས་མི་རྩེ།

སྒྱུར་མཁན་གྱི་མཇུག་བསྡུ་བའི་གཏམ་ཐུང་།

ད་ལྟ་ཁྱིམ་བདག་མང་པོ་ཞིག་གིས་བྱིས་པ་ལ་ཆུང་དུས་ནས་དཔེ་ཀློག་གི་གོམས་གཤིས་ཆགས་པར་འཇུག་གི་ཡོད། དེ་ཧ་ཅང་ཡག་པ་ཞིག་རེད་མོད། དཔེ་ཆ་ལྟ་ཡུན་རིང་ན་ཡང་མིག་ལ་གནོད་པ་ཡོད་པས། བྱིས་པ་ཚོར་རབ་ཡིན་ན། རང་བྱུང་གི་འོད་ཀྱི་ནང་དཔེ་ཆར་ལྟ་བར་འཇུག་པ་དང་། དཔེ་ཆ་ལྟ་དུས་སྐར་མ་ཉི་ཤུ་ལ་དཔེ་ཆར་བལྟས་རྗེས། སྐར་མ་ཉི་ཤུ་ལ་མིག་ལ་ངལ་གསོ་བར་འཇུག་དགོས་གསུངས། བྱིས་པ་ཚོ་གློག་འོད་ནང་འདུག་རྒྱུ་མང་པ་དང་། དཔེ་ཆའི་ཡི་གེ་ཆུང་སོང་ན་ཁ་པར་སོགས་དང་བལྟས་པ་དང་འདྲ་འདྲ་མིག་ལ་གནོད་པ་མིག་དབང་ཆེད་མཁས་དག་གིས་གསུངས་ལ། མིག་ལ་བདག་བྱེད་ཐབས་ཡག་ཤོས་ནི་བྱིས་པ་དག་ལ་ཕྱི་རོལ་ན་རྩེད་མོ་མང་བོ་རྩེ་རུ་འཇུག་པ་དང་། ཉུང་མཐའ་ཡང་ཉིན་རེར་ཕྱི་རོལ་གྱི་རང་བྱུང་གི་འོད་ནང་དུ་དུས་ཚོད་གཉིས་ལ་རྩེ་དགོས་གསུངས། བོད་ཡུལ་གྱི་ཉིན་གུང་གི་ཉི་མ་ཆེ་དྲགས་པས་བྱིས་པའི་མིག་ལ་ཅུང་གནོད་པས། ཞོགས་པ་དང་ཕྱི་དྲོ་ཉི་མ་དམའ་དུས་མིག་ལ་ཉི་འོད་ཕོག་གི་འཇུག་ན་བཟང་། གཞན་ཆ་རྐྱེན་འཛོམས་ན་གཟའ་མཇུག་ལ་ཁྱིམ་བདག་གིས་བྱིས་པ་ཟོག་ལུག་རྫི་རོགས་ལ་ཁྲིད་སོགས་ནས་བྱིས་པར་ཐག་རིང་རྒྱང་ལ་ལྟ་རུ་འཇུག་ན་མིག་ལ་ཧ་ཅང་འཕྲོད་གསུངས།

རྩོམ་ཡིག་འདི་ནི་རྒྱ་ནང་གི་ཕ་མའི་མཐོང་སྣང་ཞེས་པའི་འཕྲིན་སྟེགས་ནས་བླངས་ཏེ་བསྒྱུར་བ་ཡིན།