ཕྱི་བསྐྱོད་ལམ་ཡིག་ཇི་ལྟར་ལེན་དགོས།

ལན། ཕྱི་སྐྱོད་ལམ་ཡིག་གི་ཁྲིམས་ཀྱི་ཁྲིམས་ལྟར་ན། རྒྱལ་ཁབ་དེའི་སྤྱི་དམངས་གང་རུང་ཞིག་ཕྱི་རྒྱལ་དུ་འགྲོ་དགོས་ཚེ་། ཐོག་མར་སོ་སོ་རང་གི་ཁྱིམ་ཐོ་ཡོད་སའི་རྫོང་གི་སྤྱི་བདེ་ལས་ཁུངས་ཀྱི་རྒྱལ་མཚམས་འགྲོ་ཡོང་དོ་དམ་ལས་ཁུངས་(出入境管理部门)ལ་ལམ་ཡིག་ལེན་པའི་སྙན་ཞུ་ཕུལ་དགོས། སྙན་ཞུ་ཕུལ་སྐབས་རང་ཉིད་ཀྱི་གྲོང་མིའི་ཐོབ་ཐང་ལག་འཁྱེར་དང་། ཁྱིམ་ཐོའམ་ཐེམ་ཐོ། འདྲ་པར་སོགས་མཁོ་སྤྲོད་བྱེད་དགོས། ཁྲིམས་ལྟར་ན་སྤྱི་བདེ་ལས་ཁུངས་ལ་སྙན་ཞུ་ཕུལ་ཚར་བའི་ཉིན་ནས་བརྩིས་ཏེ་ཉིན་བཅོ་ལྔའི་རིང་ལམ་ཡིག་ཡིན་གཅིག་མིན་གཉིས་བཟོས་ཚར་དགོས་ཤིང་། གལ་སྲིད་འགྲིམ་འགྲུལ་གྱི་ཆ་རྐྱེན་མི་བཟང་བ་སོགས་ཀྱི་དཀའ་ངལ་ཡོད་ནའང་ཟླ་གཅིག་གི་སྔོན་ལ་བདག་པོའི་ལག་ཏུ་འབྱོར་ཏུ་འཇུག་དགོས། གལ་སྲིད་སྙན་ཞུ་འབུལ་མཁན་ལ་དམིགས་བསལ་ཛ་དྲག་གི་གནས་ཚུལ་ཡོད་ན་ཉིན་བཅོ་ལྔའི་དུས་བཅད་ཀྱི་སྔོན་ལ་ལམ་ཡིག་བཟོ་རུ་འཇུག་རྒྱུའི་སྙན་ཞུ་ཕུལ་ཆོག་པའི་གཏན་འཁེལ་ཀྱང་བྱས་ཡོད།

དྲི་བ། ཕྱི་སྐྱོད་ལམ་ཡིག་ཞུས་ཀྱང་ཆོག་མཆན་མ་སྤྲད་ན་ཅི་ཞིག་བྱེད་དགོས།

ལན། ཁྲིམས་ཀྱི་འགྲོ་ལུགས་ལྟར་སྤྱི་བདེ་ལས་ཁུངས་ཀྱིས་སྤྱི་དམངས་གང་རུང་ལ་ཕྱི་སྐྱོད་ལམ་ཡིག་མ་སྤྲད་ཚེ། དེ་ནི་ཁྲིམས་དང་འགལ་བའི་བྱ་སྤྱོད་ཅིག་ཡིན་ཞིང། ཕྱི་སྐྱོད་ལམ་ཡིག་ཞུ་མཁན་གྱིས་ཁྲིམས་ཀྱི་འགྲོ་ལུགས་ཆ་ཚང་བརྒྱུད་ཚར་བ་ཡིན་ན་མི་རིགས་སོགས་ཀྱི་དབྱེ་བ་མེད་པར་རྒྱལ་ཁབ་ཀྱི་སྤྱི་དམངས་ཞིག་ཡིན་ཕྱིན་ཚང་མར་འདྲ་མཉམ་གྱི་ཐོག་ནས་ལམ་ཡིག་ལེན་པའི་ཐོབ་ཐང་ཡོད་ཅིང་། གཞུང་གི་འབྲེལ་ཡོད་ལས་ཁུངས་གང་རུང་གིས་ལམ་ཡིག་ལེན་མཁན་དག་ལ་དབྱེ་འབྱེད་དང་ཁྱད་གསོད་སོགས་བྱས་པ་ཡིན་ཁྲིམས་འགལ་ཡིན་ཅེས་གཏན་འཁེལ་བྱས་ཡོད་པས། ལམ་ཡིག་གཏན་ནས་མི་སྟེར་བའམ ཁྲིམས་ཀྱིས་གཏན་འཁེལ་བྱས་པའི་དུས་ཚོད་ནང་ལམ་ཡིག་དུས་ལྟར་མི་སྟེར་མཁན་གྱི་ལས་ཁུངས་ངམ་མི་སྒེར་བ་དག་གོང་རིམ་ལས་ཁུངས ཁྲིམས་ཁང་ལ་གཏུག་བཤེར་བྱས་ཏེ་ཉེས་ཆད་གཅོད་དུ་བཅུག་ཆོག

དྲི་བ། ཕྱི་བསྐྱོད་ལམ་ཡིག་ཕྱིར་བསྡུད་བྱས་ཚེ་ཅི་ཞིག་བྱེད་དགོས་པ་རེད།

ལན། ཕྱི་བསྐྱོད་ལམ་ཡིག་ནི་གཞུང་གི་འཛིན་སྐྱོང་གི་ཆོག་མཆན་འོག་ཐོབ་པའི་ལག་འཁྱེར་ཡི་གེ་ཞིག་ཡིན་པས། སྤྲད་ཟིན་པའི་ལམ་ཡིག་དེ་མི་སྒེར་བ་དང་ལས་ཁུངས་སུ་གང་རུང་གིས་གང་འདོད་དུ་ཕྱིར་བསྡུ་བྱས་མི་ཆོག གལ་སྲིད་ལམ་ཡིག་ཕྱིར་བསྡུ་བྱས་ནས་མི་གང་རུང་ལ་གྱོང་ཕོག་ན། གྱོང་གུད་དེ་གཞུང་གི་འཛིན་སྐྱོང་ལས་ཁུངས་ཀྱི་གུན་གསབ་བྱེད་དགོས། གལ་སྲིད་མི་ཞིག་ཁྲིམས་ཁར་ཚུད་ནས་གྱོད་དོན་ཞིག་ཐག་གི་གཅོད་དགོས་པ་ཡིན་ན་ཁྲིམས་ལྟར་དོ་བདག་གི་ལམ་ཡིག་བཙན་གྱིས་བླངས་ན་ཆོག་པ་མ་གཏོགས། དེང་སྐབས་བོད་དང་གྲངས་ཉུང་མི་རིགས་ས་ཁུལ་་མི་མང་བོའི་ལམ་ཡིག་ཤང་དང་རྫོང་གི་ལས་བྱེད་སོགས་ཀྱིས་གང་བྱུང་ངང་ཕྱིར་བསྡུད་བྱེད་བཞིན་པ་སོགས་་ནི་ཁྲིམས་དང་འགལ་བ་ཞིག་རེད།

གནད་དོན་འདི་དག་ཐག་གཅོད་་བྱེད་པར་ཆེ་ས་ནས་མི་མང་གིས་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ལྷན་ཁང་གི་རྩ་ཁྲིམས་དང་ཁྲིམས་ལུགས་ལྷན་ཁང་ལ་སྙན་ཞུ་ཡི་གེ་ཕུལ་ཏེ་ཕྱི་བསྐྱོད་ལམ་ཡིག་བདག་པོའི་ལག་ཏུ་དབང་བ་བྱེད་དགོས་ཤིང་།

ཆུང་ས་ནས་དོ་བདག་གིས་སྲིད་འཛིན་གཏུག་བཤེར་དང་སྲིད་འཛིན་བསྐྱར་གྲོས་བཅས་ཀྱི་བརྒྱུད་རིམ་བརྒྱུད་དེ་རང་གི་ཐོབ་ཐང་དང་ལམ་ཡིག་སྲུང་སྐྱོབ་བྱེད་དགོས།