གངས་རྩེ་རྟཊ་མའི་རྩོམ་ཡིག་འགྲན་སྡུར་སྐབས་བདུན་པ་སྤེལ་བའི་གསལ་བརྡ།

《གངས་རྒྱན་ན་ཆུང་ཚགས་པར》སྤེལ་ནས་ལོ་འཁོར་སུམ་ཅུ་ལོན་པར་དགའ་སྟོན་རྟེན་འབྲེལ་ཞུ་བ་དང་། རྒྱ་ཆེའི་བོད་རིགས་སློབ་མ་རྣམས་ཀྱི་སློབ་ཕྱིའི་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་རྩོམ་ཡིག་འབྲི་བའི་ནུས་པ་སྐྱེད་སྲིང་བྱ་སླད། གངས་རྩེ་ཁང་ས་ཚད་ཡོད་འགན་ལེན་ཀུང་ཟིའི་སྦྱིན་བདག་ཚེ་རིང་དོན་གྲུབ་ལགས་ཀྱིས་མུ་མཐུད་དུ་མ་དངུལ་བཏང་སྟེ། ལོ་རེར་ཐེངས་རེ་སྤེལ་བཞིན་པའི་བོད་ཁུལ་ཡོངས་ཀྱི་སློབ་གྲྭ་ཆུང་འབྲིང་གི་གངས་རྩེ་རྟགས་མའི་རྩོམ་ཡིག་འགྲན་སྡུར་སྐབས་བདུན་པ་དེ། 2018ལོའི་ཟླ10པའི་ཚེས1ཉིན་ནས2019ལོའི་ཟླ5པའི་ཚེས10བར《གངས་རྒྱན་ན་ཆུང་ཚགས་པར》སྟེང་དུ“འཚོ་བའི་ཁྲོད་ཀྱི《གངས་རྒྱན་ན་ཆུང་ཚགས་པར》”ཞེས་པའི་ཁ་བྱང་ངེས་གཏན་གྱི་རྩོམ་ཡིག་འགྲན་སྡུར་ཞིག་སྤེལ་རྒྱུ་ཡིན། ཚགས་པར་འདི་སྤེལ་ནས་ལོ་ངོ་སུམ་ཅུའི་རིང་ལ་ཀློག་མཁན་ཡང་རབ་དང་རིམ་པ་ཞིག་བྱུང་མྱོང་ཕྱིར། གསར་སྤེལ་སྐབས་ཀྱི་ཀློག་མཁན་དག་ནི་དེང་གི་ཀློག་མཁན་གསར་བ་དག་གི་ཕ་དང་མའམ། ཡང་ན་ཨ་ཁུ་དང་ཨ་ནེ་རུ་གྱུར་འདུག་པའང་ཡོད་སྲིད་པས། དུས་རིམ་སོ་སོའི་ཀློག་མཁན་གང་ཡིན་ཡང་རེ་རེར་རང་གི་འཚོ་བ་དང་འབྲེལ་ཏེ་སེམས་སུ་ཚགས་པར་འདིར་ལྟ་སྟངས་སམ་དྲན་ཚུལ་ཅི་རིགས་ལྡན་ངེས་ལ། ངེད་རྩོམ་སྒྲིག་ཁང་གིས་ཀྱང་ཚུལ་དེར་དམིགས་ཏེ། ཆེད་དུ་པར་ངོས་དང་པོའི་སྟེང་སློབ་གྲྭ་ཆེན་མོ་པ་འདུས་པའི་སྤྱི་ཚོགས་ཀྱི་ལས་རིགས་སོ་སོ་ན་རང་འགན་ཕྲག་ཏུ་ལེན་བཞིན་པའི་ཚགས་པར་འདིའི་ཀློག་མཁན་གསར་རྙིང་ཡོངས་ལ།《གངས་རྒྱན་ན་ཆུང་ཚགས་པར》དང་འབྲེལ་བའི་རང་གི་མྱོང་ཚོར་རྣལ་མ་འགོད་སའམ། རང་གི་བུ་བུ་མོའམ་ཚ་བོ་ཚ་མོ་རྣམས་དང་མཉམ་དུ་འགྲན་སྡུར་དུ་ཞུགས་ཆོག་པའི་གར་སྟེགས་ཤིག་ཀྱང་བསྟབས་ཡོད་པས་ན། སྨྱུག་ཐོགས་ཡོངས་སྤྲོ་སེམས་ཆེན་པོས་ཐེངས་འདིའི་འགྲན་སྡུར་སྟེང་ཞུགས་པར་དགའ་བསུ་བྱེད་པ་དང་ཆབས་ཅིག ཐེངས་འདིའི་འགྲན་སྡུར་རྩོམ་ཡིག་འབྲི་བར་མཉམ་འཇོག་དང་དོ་སྣང་བྱ་རྒྱུ་འགའ་ཡོད་པ་གཤམ་གསལ།

གཅིག འགྲན་སྡུར་གྱི་རྣམ་གྲངས།

1.ན་ཆུང་ཚན་སྐོར། འདིར་སློབ་གྲྭ་ཆུང་འབྲིང་གི་སློབ་ཞུགས་སློབ་མ་རྣམས་འདུས།

2.དར་མའི་ཚན་སྐོར། འདིར་སློབ་ཆེན་སློབ་མ་དང་དགེ་རྒན། ཁྱིམ་བདག་སོགས་འདུས།

གཉིས། རྩོམ་ཡིག་གི་བརྗོད་བྱ།

《གངས་རྒྱན་ན་ཆུང་ཚགས་པར》སྤེལ་ནས་ལོ་ངོ་སུམ་ཅུ་འགོར་བའི་རིང་ལ་ང་དང་གངས་རྒྱན་ན་ཆུང་ཚགས་པར་བར་དུ་བྱུང་བའི་དགའ་སྐྱོ་ཟུང་གི་གཏམ་རྒྱུད་སྣ་ཚོགས་དང་། ཡང་ན《གངས་རྒྱན་ན་ཆུང་ཚགས་པར》ལས་བྱུང་བའི་བློ་སྐྱེད་ཅི་རིགས་བརྗོད་གཞིར་བཟུང་ཆོག་ལ། རྩོམ་ཡིག་གི་བརྗོད་བྱ་དོན་དངོས་ཀྱི་འཚོ་བ་དང་མཐུན་ཞིང་རང་ཉིད་ཀྱི་མྱོང་ཚོར་དངོས་ཡིན་དགོས།

གསུམ། རྩོམ་ལུས།

རྩོམ་ལུས་ལྷུག་རྩོམ་ཡིན་དགོས་ལ། ཡིག་འབྲུ་ཆིག་སྟོང་སུམ་བརྒྱ་ལས་བརྒལ་མི་རུང་བ་དང་། དབུ་ཅན་གྱིས་གྲ་དག་པོར་བྲིས་ཏེ2018ལོའི་ཟླ10པའི་ཚེས1ཉིན་ནས2019ལོའི་ཟླ5པའི་ཚེས1ཉིན་བར་ངེད་རྩོམ་སྒྲིག་ཁང་ལ་སྦྲག་སྲིད་བརྒྱུད་དེ་བསྐུར་བའམ་ཡང་ན་དྲ་ཐོག་ནས་ཡིག་ཟམ(gjsnb2009@163.com)བརྒྱུད་དེ་བསྐུར་བར་འཚལ།

བཞི། གསལ་བཤད།

1.རྩོམ་ཡིག་འགྲན་སྡུར་ཁྲོད་བྱ་དགའ་ཐོབ་པའི་རུས་མིང་དང་ས་གནས2019ལོའི་ཟླ6པའི་ཚེས1ཉིན་གྱི་ཚགས་པར་སྟེང་དགོད་རྒྱུ་ཡིན།

2.བྱ་དགའི་རྩོམ་ཡིག་ནི་འདི་གའི་ཚགས་པར་སྟེང་བཀོད་ཟིན་པའི་རྩོམ་ཡིག་ལས་གདམ་རྒྱུ་ཡིན།

3.ཐེངས་འདིའི་རྩོམ་ཡིག་འགྲན་སྡུར་ཁྲོད་དར་མའི་ཚན་སྐོར་ལ་བྱ་དགའི་རིམ་པ་གསུམ་དུ་ཕྱེ་ཡོད་དེ། ཨང་དང་པོ་གཅིག(བྱ་དགའི་དངུལ། སྒོར2000) ཨང་གཉིས་པ་གཉིས། (བྱ་དགའི་དངུལ། རེ་རེར་སྒོར1500)ཨང་གསུམ་པ་གསུམ།(བྱ་དགའི་དངུལ། སྒོར1000)

ན་ཆུང་ཚན་སྐོར་ལ་བྱ་དགའི་རིམ་པ་བཞི་རུ་ཕྱེ་ཡོད།ཨང་དང་པོ་གཅིག(བྱ་དགའི་དངུལ། སྒོར1000) ཨང་གཉིས་པ་གཉིས།(རེ་རེར་བྱ་དགའི་དངུལ། སྒོར800) ཨང་གསུམ་པ་གསུམ།(རེ་རེར་བྱ་དགའི་དངུལ། སྒོར600) རྟིང་སྐུལ་ལྔ།(རེ་རེར་བྱ་དགའི་དངུལ། སྒོར400)བཅས་ཡིན།

4.བཤུ་འབྲི་ནི་སྤྱོད་ངན་ཞིག་ཡིན་པས། གཞན་གྱི་རྩོམ་ཡིག་བཤུ་འབྲི་གཏན་ནས་བྱ་མི་རུང་།

5.ཕྱིས་སུ་བྱ་དགའི་དཔང་ཡིག་དང་དངུལ།རྩོམ་ཡོན་སོགས་བསྐུར་བར་སྟབས་བདེ་ཡོང་ཆེད་རྩོམ་མཁན་ཡོངས་ཀྱིས་ཡིག་ཤུབས་སམ་རྩོམ་ཡིག་གི་མཇུག་ཏུ་རང་གི་མིང་དང་སྡོད་གནས་སོགས་ཐོབ་ཐང་ལག་ཁྱེར་སྟེང་བཀོད་པའི་རྒྱ་ཡིག་ཇི་བཞིན་དུ་གསལ་བོར་ཕྲིས་ཤིག དེ་མིན་འབྲེལ་གཏུག་ཁ་པར་ཨང་གྲངས་ཀྱང་གསལ་བོར་འགོད་རོགས།

ཞེས《གངས་རྒྱན་ན་ཆུང་ཚགས་པར》རྩོམ་སྒྲིག་ཁང་ནས།

2018ལོའི་ཟླ9པའི་ཚེས20ཉིན།