མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་གིས་གེ་སར་རྟ་རྫིས་སྒོ་ང་རུམ་པའི་སྣང་ཚུལ་དེ་ཐོག་མར་འཚོལ་བསྡུ་ཐུབ་པ།


ཚན་རིག་ཞིབ་འཇུག་ལྟ་ཞིབ་ཚད་ལེན་གྱིས་མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་གི་མཚོ་སྔོན་ས་ཁུལ་དུ་གེ་སར་རྟ་རྫིས་སྒོ་ང་རུམ་པའི་སྣང་ཚུལ་པར་དུ་བསྐྱོན་པ། གངས་ལྗོངས་མཉམ་འབྲེལ་མདོ་དབུས་མཐོ་སྒང་རང་བྱུང་སྲུང་སྐྱོབ་ལྟེ་གནས་ཀྱིས་འདྲ་པར་འདོན་སྤྲོད་བྱས།

ཟླ10པའི་ཚེས30ཉིན། གསར་འགོད་པས་གངས་ལྗོངས་མཉམ་འབྲེལ་མདོ་དབུས་མཐོ་སྒང་རང་བྱུང་སྲུང་སྐྱོབ་ལྟེ་གནས་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཚན་རིག་ཞིབ་འཇུག་ལྟ་ཞིབ་ཚད་ལེན་མི་སྣ་དག་གིས་གེ་སར་རྟ་རྫིའི་བྱ་ཁྱུ་ལ་ཚན་རིག་ཞིབ་འཇུག་ལྟ་ཞིབ་ཚད་ལེན་བྱ་འགུལ་སྤེལ་བའི་ཁྲོད། མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་གི་མཚོ་སྔོན་ས་ཁུལ་དུ་གེ་སར་རྟ་རྫིས་སྒོ་ང་རུམ་པའི་སྣང་ཚུལ་གྱི་བརྙན་རིས་རྒྱུ་ཆ་ཐོག་མ་འཚོལ་བསྡུ་ཐུབ་པར་གྱུར།

གེ་སར་རྟ་རྫི་ནི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོབ་རི་སྐྱེས་སྲོག་ཆགས་གལ་ཆེན་ཞིག་ཡིན་ལ། གོ་ལ་ཧྲིལ་པོའི་སྟེང་དུ་སྔོན་དཔག་བྱས་པ་ལྟར་ན་ད་ལྟའི་བར་གྲངས་ཀ་ཁྲི་གཅིག་ལྷག་མ་གཏོགས་མེད། དེའི་འཚོ་གནས་གཙོ་བོ་ནི་མཐོ་ངོས་ལས་རྨིད2500ནས་རྨིད5000བར་གྱི་རྩྭ་གསེང་དང་འདམ་ཁུལ། གཙང་པོ་སོགས་ཀྱི་ས་ཁུལ་ཡིན། བྱ་ཁྱུ་དེའི་ཁྱབ་ཡུལ་གཙོ་བོ་ནི་རང་རྒྱལ་གྱི་མཚོ་སྔོན་དང་བོད་ལྗོངས་སོགས་ས་ཁུལ་ཡིན་ལ། འཛམ་གླིང་སྟེང་དུ་ཁ་གྲངས་མང་པོ་ཞིག་མེད། མཐོ་སྒང་དུ་རྒྱུད་འཕེལ་བྱུང་བའི་ཁྲུང་ཁྲུང་ནི་འཛམ་གླིང་སྟེང་བར་སྣང་དུ་འཕུར་སྐྱོད་ཆེས་ལེགས་པོའི་འདབ་ཆགས་རིགས་ཤིག་ཡིན་པར་བཤད།

ན་ནིང་གི་ཟླ9པའི་ནང་། གེ་སར་རྟ་རྫི་དུས་ཚིགས་ཀྱི་འགྱུར་ལྡོག་དང་བསྟུན་ནས་གནས་སྤོར་བྱེད་དུས། གངས་ལྗོངས་མཉམ་འབྲེལ་མདོ་དབུས་མཐོ་སྒང་རང་བྱུང་སྲུང་སྐྱོབ་ལྟེ་གནས་ཀྱིས། མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ས་ཁུལ་དུ་གེ་སར་རྟ་རྫི77ལ་ལྟ་ཞིབ་ཚད་ལེན་ཐུབ་པ་རེད། ད་ལོ་ཞིང་ཆེན་ནགས་ལས་ཐིན་གྱི་རྒྱབ་སྐྱོར་འོག་ཟླ5པའི་ཟླ་མཇུག་ནས་ཟླ6པའི་ཟླ་སྟོད་བར་ནི་གེ་སར་རྟ་རྫིའི་རྒྱུད་འཕེལ་དུས་ཚིགས་ཡིན་ཞིང་ཡང་བསྐྱར་མཚོ་བྱང་གི་རྒྱ་མདོ་ནས་མདོ་ལ། དེ་མིན་མཚོ་ནུབ་ཀྱི་ཐེམ་ཆེན་སོགས་འདམ་ཁུལ་དུ་འཕུར་ཡོང་ཡོད། གེ་སར་རྟ་རྫིས་སྒོ་ང་རུམ་པའི་རྒྱུད་འཕེལ་བྱ་འགུལ་གྱི་ལྟ་ཞིབ་ཚད་ལེན་ཁྲོད་ཁྱོན་བསྡོམས་གེ་སར་རྟ་རྫི88ལ་ལྟ་ཞིབ་ཚད་ལེན་ཐུབ་པ་དང་བྱ་ཚང་གནས་ཡུལ14བཙལ་ནས་རྙེད་བྱུང་། དེའི་མི་ཚད་བྱ་ཚང་གཉིས་ལ་དམར་ཕྱིའི་འོད་ཐིག་གི་པར་ཆས་འཇོག་ཐུབ་པས་གེ་སར་རྟ་རྫིས་བྱ་སྒོང་རུམ་པའི་བརྒྱུད་རིམ་འཚོལ་བསྡུ་ཐུབ་པར་གྱུར།

ཟླ10པའི་ནང་དམར་ཕྱིའི་པར་ཆས་ཀྱིས་ཡོད་ཚད་བསྡུ་ལེན་བྱས། གངས་ལྗོངས་མཉམ་འབྲེལ་མདོ་དབུས་མཐོ་སྒང་རང་བྱུང་སྲུང་སྐྱོབ་ལྟེ་གནས་ཀྱི་འགན་ཁུར་མི་སྣ་ཉེན་ཡེས་མེས་ཡིས་ངོ་སྤྲོད་བྱེད་རྒྱུར། “དམར་ཕྱིའི་འོད་ཐིག་གི་པར་ཆས་བེད་སྤྱོད་བྱས་པ་དང་བསྟུན་ནས་ང་ཚོས་མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་གི་མཚོ་སྔོན་ས་ཁུལ་དུ་གེ་སར་རྟ་རྫིའི་སྒོ་ང་རུམ་པའི་བརྒྱུད་རིམ་གྱི་སྣང་ཚུལ་ཐོག་མར་འཚོལ་བསྡུ་ཐུབ་སོང”ཟེར། གངས་ལྗོངས་མཉམ་འབྲེལ་མདོ་དབུས་མཐོ་སྒང་རང་བྱུང་སྲུང་སྐྱོབ་ལྟེ་གནས་ཀྱིས་ལོ་མང་པོའི་རིང་ལ་ལྟ་ཞིབ་ཚད་ལེན་ཟིན་ཐོ་སྤེལ་བ་བརྒྱུད་མདོ་ལ་རི་བོའི་མཚོ་སྔོན་ས་ཁུལ་གྱི་ཐེན་པུན་དང་མུ་ལེ། བར་དམ་ཆུ་སོགས་ས་ཁུལ་གྱི་གཙང་བོ་དང་རི་མཐོའི་རྩྭ་ཐང་། གཙང་འགྲམ་རང་བཞིན་གྱི་འདམ་རའི་ཁྲོད་དུ་གེ་སར་རྟ་རྫིའི་འགུལ་སྐྱོད་ཀྱི་རྗེས་ཤུལ་སོགས་ཡོད་ལ། ད་ལོ་གསར་རྙེད་བྱུང་བའི་གེ་སར་རྟ་རྫིའི་ཚང་ཤུལ14ཡང་ཁྱབ་ཁོངས་འདིའི་ཁྲོད་དུ་ཡོད་པ་རེད།

དེ་ལས་གཞན་ལྟ་ཞིབ་ཚད་ལེན་ཁྲོད་དུ་ད་རུང་གེ་སར་རྟ་རྫིས་སྒོ་ང་རེས་བསྐོར་ཏེ་རུམ་པའི་རྣམ་པ་སྤྱོད་བཞིན་པ་ཡང་འཚོལ་བསྡུ་བྱས་ཡོད། དེ་ཡང་གེ་སར་རྟ་རྫི་ཕོ་མོ་གཉིས་ཀྱིས་གྲུབ་པའི་ཁྱིམ་ཚང་ཁྲོད་སྒོ་ང་རུམ་པའི་སྐབས་སུ་སྐད་སྒྲོག་པ་ལ་བརྟེན་ནས་སྒོ་ང་རེས་མོས་སྒོས་རུམ་་སྟེ་ལྟ་སྲུང་བྱེད་བཞིན་ཡོད། དེ་བས་སྒོ་ང་རུམ་པའི་སྐབས་སུ་ནོར་དང་སྤྱང་ཀི་སོགས་སྲོག་ཆགས་གཞན་དག་གི་གནོད་པ་ཐེབས་མི་ཐུབ། དེ་ལས་གཞན་ཁ་བ་འབབ་པ་དང་ཆར་བ་འབབ་པ་སོགས་གནམ་གཤིས་ཀྱིས་ཀྱང་གེ་སར་རྟ་རྫིས་སྒོ་ང་རིམ་པ་ལ་ཤུགས་རྐྱེན་ཅི་ཡང་ཐེབས་མི་ཐུབ།

དུས་ཡུན་རིང་པོར་མཚོ་སྔོན་གྱི་གཙང་གསུམ་ས་ཁུལ་དུ་གེ་སར་རྟ་རྫིར་ལྟ་རྟོག་དང་ཞིབ་འཇུག་བྱས་མྱོང་བའི་རི་ཆུའི་རང་བྱུང་སྲུང་སྐྱོབ་ལྟེ་གནས་ཀྱི་ཚན་རིག་བློ་འདོན་པ་ཧན་ཞའེ་སུང་གིས་བཤད་རྒྱུར། ད་ཐེངས་ཞིང་ཆེན་ནང་ཁུལ་གྱི་འབྲེལ་ཡོད་ལས་ཁུངས་དག་གི་རྒྱབ་སྐྱོར་འོག གངས་ལྗོངས་མཉམ་འབྲེལ་མདོ་དབུས་མཐོ་སྒང་རང་བྱུང་སྲུང་སྐྱོབ་ལྟེ་གནས་ཀྱིས་མདོ་ལ་རི་བོའི་མཚོ་སྔོན་ས་ཁུལ་དུ་གེ་སར་རྟ་རྫིའི་སྒོ་ང་རུམ་པའི་རིན་ཐང་བྲལ་བའི་སྣང་ཚུལ་དེ་འཚོལ་བསྡུ་བྱས་ཤིང་། འདི་ནི་ཚན་རིག་ཞིབ་འཇུག་མི་སྣ་དག་གིས་མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ས་ཁུལ་དུ་སྤེལ་བའི་སྲོག་ཆགས་ལ་སྲུང་སྐྱོབ་བྱེད་པའི་རྨང་གཞི་ལ་རྟོག་ཞིབ་བྱས་པའི་དོན་དངོས་གལ་ཆེན་ཐེངས་ཤིག་ཡིན་ལ།  མདོ་དབུས་མཐོ་སྒང་ཁོ་ནར་འཚོ་བའི་ཁྲུང་ཁྲུང་གི་རིགས་གེ་སར་རྟ་རྫི་ལ་མཚོན་ན་དོན་སྙིང་གལ་ཆེན་ལྡན། 

ལོ་ཙཱ་བ། ལྷ་དཔལ་སྐྱབས།