ཧོར་གྲོང་རྫོང་གིས་ཀྲུང་བོད་རྩྭ་སྨན་འདེབས་འཛུགས་ལ་ཕན་འབྲས་མངོན་གསལ་བླངས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། ཉེ་ལམ་ཧོར་གྲོང་ཧོར་རིགས་རང་སྐྱོང་རྫོང་གིས་འདེབས་འཛུགས་བྱས་པའི་ས་མུའུ་ཁྲི6ལྷག་གི་ཀྲུང་བོད་རྩྭ་སྨན་ལ་དགའ་སྤྲོའི་ལོ་ལེགས་ཆེན་པོ་བསྡུས་ཤིང་ཀྲུང་བོད་རྩྭ་སྨན་གྱི་ཁྱད་ལྡན་ཐོན་ལས་དེ་རྫོང་ཡོངས་ཀྱི་ཞིང་ལས་དཔལ་འབྱོར་གྱི་ཡོང་སྒོ་འཕར་སྣོན་བྱེད་ཡུལ་གསར་བ་ཞིག་ཏུ་གྱུར།

རྒྱུས་ལོན་བྱུང་བ་ལྟར་ན། ཧོར་གྲོང་རྫོང་གིས་ནུས་ཤུགས་གང་ཡོད་སྒོས་དེང་རབས་ཞིང་ལས་འཕེལ་རྒྱས་སུ་བཏང་སྟེ་ཞིང་ལས་སྒྲིག་གཞིའི་སྙོམས་སྒྲིག་ལ་སྐུལ་འདེད་བྱེད་པའི་ཁྲོད། སྲོལ་རྒྱུན་གྱི་འདེབས་འཛུགས་འདུ་ཤེས་རྨང་ནས་གཏོར་ནས་རྩྭ་སྨན་འདེབས་འཛུགས་བྱེད་པའི་སྒྲིག་གཞི་ལ་ཁ་ཕྱོགས་པ་རེད། དེ་ཡང་སྔོན་ཆད་རྩྭ་སྨན་འདེབས་འཛུགས་གཏན་ནས་མེད་པའི་འདེབས་འཛུགས་དེ་མཉམ་ལས་ཁང་གི་སྣེ་ཁྲིད་འོག་གཞི་ཁྱོན་ཆེན་པོའི་སྒོ་ནས་འདེབས་འཛུགས་ཁྱབ་ཁོངས་རྒྱ་སྐྱེད་པའི་གནས་བབ་བྱུང་། ཁྱིམ་ཚང་ཆེན་པོ་དག་གིས་རྩྭ་སྨན་འདེབས་འཛུགས་ལ་ཧུར་ཐག་གིས་རོགས་སྐྱོབ་བྱས་ཏེ་མཉམ་ལས་ཁང་དེ་འགོ་ཁུངས་དང་ཁྱིམ་ཚང་ཆེན་པོའི་འདེབས་འཛུགས་དེ་དཔེར་མཚོན་དུ་གྱུར་བའི་ཀྲུང་བོད་སྨན་རྫས་ཀྱི་ཐོན་ལས་འཕེལ་རྒྱས་བྱ་བའི་གནས་བབ་ལེགས་པོ་ཞིག་བྱུང་བ་རེད། ཁྱད་ལྡན་ཕན་འབྲས་ཀྱི་ཞིང་ལས་ལ་ཤུགས་ཆེན་པོས་སྐུལ་འདེད་བྱས་ཏེ་ཧུར་ཐག་སྒོས་འབུར་ཐོན་རང་བཞིན་གྱི་ས་ཁོངས་ཁྱད་ལྡན་གྱི་ཞིང་ལས་ཚོང་རྟགས་གསོ་སྐྱོང་བྱས། ལྷོ་སྒོའི་འགག་དང་ཐའེ་ཙི། རི་བོ་རྩེ་ལྔ། སུམ་མདོ་སོགས་ཤང་དང་གྲོང་དྲལ་གིས་ཆེས་ཐོག་མར་མུའུ་བརྒྱ་ལ་སྲད་དཀར་དང་མུའུ་སྟོང་ལ་ཀླུ་བདུད་རྡོ་རྗེ། མུའུ་ཁྲི་ལ་ལྕ་བ་སོགས་འདེབས་པའི་ཁྱབ་ཁོངས་ལེགས་པོའི་ཞིང་ལས་ཐོན་སྐྱེད་རྟེན་གཞི་མངོན་གསལ་གྱིས་གྲུབ་ནས། དཔལ་འབྱོར་ཁེ་ཕན་དང་སྐྱེ་ཁམས་ཁེ་ཕན་གཉིས་ལྡན་གྱི་ཁྱད་ལྡན་ཞིང་ལས་གསར་གཏོད་འཕེལ་རྒྱས་ཀྱི་བགྲོད་ལམ་གསར་བ་ཞིག་གསར་གཏོད་བྱས། དེ་ཡང་འདེབས་འཛུགས་ཀྱི་རྒྱ་ཁྱོན་ཡང་སྔོན་ཆད་ཀྱི་མུའུ6000ལྷག་ནས་ད་ལོར་མུའུ་ཁྲི6ལྷག་ལ་སླེབས་ཡོད།

ལོ་ཙཱ་བ། ལྷ་དཔལ་སྐྱབས།