རང་ཞིང་གིས་དབུལ་ཕོངས་ཁྱིམ་ཚང་དག་གི་བྱིས་པ་ཁ་ཤོ་དང་རྐན་ཤོ57ལ་རིན་མེད་སྨན་བཅོས་བྱས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། ཟླ10པའི་ཚེས31ཉིན་ཞིང་ཆེན་དམངས་སྲིད་ཐིན་ནས་བཏོན་པའི་གནས་ཚུལ་ལྟར་ན། ཞིང་ཆེན་ཕན་བདེ་སྙིང་རྗེ་སྨན་ཁང་དང་ཞིང་ཆེན་སྤྱི་ཚོགས་བྱ་བའི་མཐུན་ཚོགས་སོགས་ལས་ཁུངས་དག་གིས་ཐུན་མོང་མཉམ་འབྲེལ་སྒོས་སྤེལ་བའི2018ལོའི“བདེ་སྐྱིད་ཀྱི་འཛུམ་མདངས་ཀྱིས་མཚོ་སྔོན་གྱི་དབུལ་ཕོངས་ཁྱིམ་ཚང་དག་གི་བྱིས་པ་ཁ་ཤོ་རྐན་ཤོ་དག་ལ་རིན་མེད་སྨན་བཅོས་དང་གཤག་བཅོས་བྱེད་པའི་ལས་གཞི”ཞེས་པ་དེ་རྒྱལ་ཁའི་ངང་མཇུག་རྫོགས་པ་རེད། ཞིང་ཆེན་ནང་ཁུལ་གྱི་ཁྱིམ་ཚང་དབུལ་པོ་དག་གི་བྱིས་པ་ཁ་ཤོ་དང་རྐན་ཤོ57ལ་གཤག་བཅོས་དང་སྨན་བཅོས་བྱས་པ་རེད། ལས་གཞི་དེ་ལག་བསྟར་བྱས་པའི་ལོ་ངོ་གསུམ་གྱི་རིང་ལ་ཁྱོན་བསྡོམས་བྱིས་པ165ལ་གཤག་བཅོས་དང་སྨན་བཅོས་བྱས་པ་རེད།

རྒྱུས་ལོན་བྱུང་བ་ལས་ཤེས་གསལ་ལྟར་ན། ད་ལོ་བྱིས་པ་ནད་པ70ལྷག་གི་ཁྲོད་ནས་འདེམས་སྒྲུག་བྱས་པའི་ཁྲོད་དུ་ལོ་ཆེས་ཆུང་ཤོས་ནི་ཟླ་བ3ཅན་དང་ལུས་པོའི་ལྗིད་ཚད་ལ་སྤྱི་རྒྱ6.1ཡོད། བྱིས་པ་ཁ་ཤོ་དང་རྐན་ཤོ་དག་གིས་ཟ་མ་ཟོས་ན་གློ་བའི་ནང་ལ་འགྲོ་བ་དང་ཟ་མ་ཟ་དཀའ་བ། ཟུངས་ཁྲག་ཞན་པ། འཚོ་བཅུད་ཀྱིས་མི་འདང་བ། འཚར་ལོངས་ལ་འགོག་རྐྱེན་ཐེབས་པ། གློ་བར་རིམས་ནད་ཕོག་པ་བཅས་ཀྱི་ནད་རྟགས་འབྱུང་སླ། དེ་ཡང་བྱིས་པ་ནད་པ་དག་གི་གནས་ཚུལ་མི་འདྲ་བར་གཞིགས་ནས། སྨན་བཅོས་མི་སྣ་དག་གིས་སོ་སོར་ཕྱོགས་བསྡུས་ཚད་ལེན་བྱས་ཏེ་ཕུལ་ཏུ་བྱུང་བའི་སྨན་བཅོས་བྱེད་ཐབས་ལེགས་པོ་གཏན་ལ་ཕབ་ཅིང་། གཤག་བཅོས་ཀྱི་ཆ་རྐྱེན་ལེགས་པའི་བྱིས་པ57ལ་གཤག་བཅོས་དང་སྨན་བཅོས་ལག་བསྟར་ལེགས་འགྲུབ་བྱུང་ནས་བྱིས་པ་ནད་པ་དག་ལ་འཚོ་བའི་མཛུབ་སྟོན་དང་གཤག་བཅོས་ཀྱི་ཆ་རྐྱེན་གསར་སྐྲུན་བྱས།

ལས་གཞི་དེ་ལག་བསྟར་བྱས་པ་ནས་བཟུང་བྱིས་པ་ཐོ་འགོད་དང་བརྟག་དཔྱད་འདེམས་སྒྲུག གཤག་བཅོས་སྔོན་གྱི་དཔྱད་འཇོག་ཚད་ལེན། ཐབས་ཇུས་གཏན་ཁེལ། གཤག་བཅོས་དང་སྨན་བཅོས་བྱེད་པ། དེའི་འཕྲོར་གཤག་བཅོས་ཀྱི་རྗེས་སུ་ནད་ཁང་དུ་ནད་གཡོག་བྱེད་པ་བཅས་ཀྱི་བརྒྱུད་རིམ་ལས་སྐད་ཆའི་བདེ་ཐང་དེ་རིམ་བཞིན་འཐུས་ཚང་ཅན་དུ་སོང་ཞིང་། གོ་རིམ་ལ་སྔར་ལས་ཞིབ་ཚགས་ཆེ་བས། ལག་རྩལ་ཡང་ཉིན་རེ་བཞིན་འཕེལ་རྒྱས་བྱུང་། ཞབས་ཞུ་མི་མཐུད་དུ་མཐོར་འདེགས་སུ་བཏང་ཞིང་རྒྱ་ཆེའི་བྱིས་པ་དག་གི་ཁྱིམ་བདག་གིས་ཡིད་ཆེས་དང་སྤྱི་ཚོགས་ཀྱི་ཡོངས་ཁྱབ་དོ་ཁུར། སྤྱི་ཚོགས་ལ་ཕན་འབྲས་ཐོན་པ་བཅས་ཀྱི་གདེང་འཇོག་ལེགས་པོ་ཞིག་ཐོབ་པ་རེད།

ལོ་ཙཱ་བ། ལྷ་དཔལ་སྐྱབས།