རྫོང་རིམ་པའི་དབུལ་སྐྱོར་ཅུའུ་ཀྲང་གིས་སྒྲིག་འགལ་ཁྲིམས་འགལ་བྱས་པའི་ཉེས་དོན་ཐེར་འདོན་སྐོར་གྱི་གྱོད་དཔེ་གཉིས།

དབུལ་སྐྱོར སྒྲིག་འགལ་ཁྲིམས་འགལ གྱོད་དཔེ

དབུལ་ཐར་འགག་སྒྲོལ་གྱི་སྒྲིག་ལམ་ནན་སྲུང་དང་། དབུལ་ཐར་འགག་སྒྲོལ་གྱི་འཐབ་ས་དང་པོར་ཡོད་པའི་ལས་བྱེད་པས་ལས་འགན་འཁུར་འཁྱེར་དང་། ལས་ཀ་གཙང་མ་སྒྲུབ་པར་བསླབ་བྱ་དང་སྐུལ་མ་གཏང་ཆེད། ཉེ་ལམ་ང་ཚོས་རྩད་ཞིབ་ཐག་གཅོད་བྱས་པའི་རྫོང་རིམ་པའི་དབུལ་སྐྱོར་ཅུའུ་ཡི་ཅུའུ་ཀྲང་གིས་དབུལ་ཐར་འགག་སྒྲོལ་གྱི་ལས་ཀའི་གོ་རིམ་ཁྲོད་དུ་སྒྲིག་འགལ་ཁྲིམས་འགལ་གྱི་ཉེས་པ་བསགས་པའི་དཔེ་མཚོན་གྱོད་དཔེ་གཉིས་ཀུན་ལ་བསྒྲགས་པར་བྱ།

མཚོ་ཤར་གྲོང་ཁྱེར་ལུང་མདོ་རྫོང(ཆུས)གི་དབུལ་སྐྱོར་གསར་སྤེལ་ཅུའུ་ཡི་ཅུའུ་ཀྲང་བཞི་བོས་དབུལ་སྐྱོར་ལས་གཞི་ཐད་ནས་མཐུན་སྦྱོར་འགྲོ་གྲོན་དང་། དབུལ་སྐྱོར་མ་དངུལ་གཡོ་ལེན་ལ་སོགས་བྱས་པའི་གནད་དོན། 

2012ལོ་ནས2017ལོའི་བར་དུ། ཞུས་ཀའོ་ཧུའེ་དང་། ཝང་མེང་ཧྥེང་། མའེ་ཅང་ལོང་། ཡང་བཱ་མ་བཅས་མི་བཞིས་ལུང་མདོ་རྫོང་དང་། ལུང་མདོ་ཆུས་དབུལ་སྐྱོར་གསར་སྤེལ་ཅུའུ་ཡི་ཅུའུ་ཀྲང་གི་འགན་བཞེས་སྐབས་སུ། ལས་ཁུངས་ཀྱི་མིང་ཐོག་ནས་ལས་གཞི་ལག་བསྟར་མཁན་ཕྱོགས་ནས་ལས་ཀ་མཐུན་སྦྱོར་ཐད་ཀྱི་འགྲོ་གྲོན་སྒོར་ཁྲི24བླངས་པ་དང་། དབུལ་སྐྱོར་ལས་གཞིའི་མ་དངུལ་ནས་སྒོར19.8543དང་། སྲིད་འཛིན་གྱི་འགྲོ་གྲོན་ཐད་ནས་སྒོར15.3411བཅས་བསྡོམས་པས་སྒོར35.1954རྫུན་འགོད་གཡོ་ལེན་བྱས་ཏེ། གཞུང་དངུལ་གྱིས་གསིག་རྫོང་བ་དང་། ཡུལ་སྐོར་བྱེད་པ། སྒྲིག་འགལ་ཐོག་སྣེ་ལེན་བྱེད་པ་སོགས་སུ་བེད་སྤྱོད་བཏང་བ་རེད། 2017ལོའི་ཟླ12པ་ནས2018ལོའི་ཟླ10བའི་བར་དུ། ཞུས་ཀའོ་ཧུའེ་ལ་ཏང་ནང་ཁུལ་ནས་ཐ་ཚིག་ནན་མོ་བསྒྲགས་ཏེ་ཆད་པ་བཅད་ཅིང་། ཝང་མེང་ཧྥང་དང་། མའེ་ཅང་ལོང་བཅས་ལ་ཏང་ནང་ཁུལ་ནས་ཐ་ཚིག་བསྒྲགས་ནས་ཆད་པ་བཅད། ཡང་བཱ་མ་ཁྲིམས་འགལ་གྱི་ཉེས་པ་བསགས་ཡོད་པས་ཏང་ཁོངས་ནས་ཕྱིར་དབྱུང་བ་དང་། ལས་གནས་ལས་ཕུད་པ་མ་ཟད། ཁྲིམས་འཛིན་ལས་ཁུངས་ལ་སྤྲད་དེ་ཁྲིམས་ལྟར་ཐག་གཅོད་བྱེད་དུ་བཅུག འབྲེལ་ཡོད་ཀྱི་འགན་འཁུར་བ་གཞན་དག་ལ་འགན་འཁྲི་རྩད་གཅོད་བྱས།

ཡུལ་ཤུལ་ཁུལ་ཆུ་དམར་ལེབ་རྫོང་གི་དབུལ་སྐྱོར་གསར་སྤེལ་ཅུའུ་ཡི་དེ་སྔའི་ཅུའུ་ཀྲང་བློ་བཟང་དགེ་ལེགས་ཀྱིས་ལས་ཀའི་འགན་འཁྲི་ལ་དང་དོད་ཆེན་པོ་མ་བྱས་པའི་གནད་དོན། 

2015ལོར་ཆུ་དམར་ལེབ་རྫོང་དབུལ་སྐྱོར་གསར་སྤེལ་ཅུའུ་ཡིས་ཚོན་བཀྲའི་གནས་སྤོ་ཡུལ་མིའི་སྒོ་རྩིས་ཚོང་ཁང་ལ་ཐོག་སོ་བསྐྲུན་པའི་ལས་གཞི་སྐབས་གཉིས་པ་གཉེར་སྐབས་སུ། བློ་བཟང་དགེ་ལེགས་ཀྱིས་ལས་གཞི་སྐབས་དང་པོའི་ཨར་ལས་ཕྱོགས་ནི་ལས་གཞི་དེ་གཉེར་བ་ལ་ཧ་ཅང་བྱང་ཆ་ལྡན་པར་ཁ་གཡར་ནས་སུས་འཇོན་དེ་འགུག་གི་གོ་རིམ་མ་བརྒྱུད་པར། སྒྲིག་འགལ་ཐོག་རྣམ་གྲངས་ཀྱི་མ་དངུལ་སྒོར་ཁྲི190ཐད་ཀར་དུས་སྐབས་དང་པོའི་ལས་གཞི་གཉེར་མཁན་ཕྱོགས་ལ་སྤྲད་པ་དང་། གཞན་རྫོང་དབུལ་སྐྱོར་གསར་སྤེལ་ཅུའུ་ཡི་ནོར་དོན་ཚད་ལྡན་མིན་ཞིང་། དབུལ་སྐྱོར་ཆེད་སྤྱོད་མ་དངུལ་དོ་དམ་རྙོག་དྲ་ཆེ་བ་སོགས་ཀྱི་གནད་དོན་གནས་པས་སྔ་གཞུག་ཏུ་ཐེངས་དུ་མར་ལྟ་སྐུལ་དག་ཐེར་བྱས་ཡོད་པ་རེད། 2018ལོའི་ཟླ3པར་བློ་བཟང་དགེ་ལེགས་ལ་ཏང་ནང་ཁུལ་ནས་ཐ་ཚིག་བསྒྲགས་ཤིང་། སྲིད་དོན་ནས་ཐ་ཚིག་བསྒྲགས་ཏེ་ཆད་པ་བཅད་ཡོད་པ་རེད།

གོང་གསལ་གྱི་མཚོན་བྱེད་གྱོད་དཔེ་ལས་དབུལ་སྐྱོར་མངའ་ཁོངས་སུ་ཏང་ཡོན་ལས་བྱེད་ཉུང་ཤོས་ཀྱི་དམིགས་ཡུལ་འཛིན་སྟངས་སྔར་བཞིན་མི་ལེགས་ཤིང་། སྒྲིག་བརྩི་ཁྲིམས་སྲུང་གི་འདུ་ཤེས་ཞན་པ་གསལ་རྗེན་བྱས་ཡོད་པར་མ་ཟད། དགོས་པའི་ལས་མི་སྒྲུབ་པར་མི་དགོས་པའི་ལས་རྙོག་བཟོ་བ་དང་། ཐ་ན་ལས་གནས་ཀྱི་དབང་ཆ་གང་འདོད་དུ་སྤྱད་པ་ཐེར་འདོན་བྱས་འདུག དེ་ཡང་ལུང་མདོ་རྫོང(ཆུས)གི་དབུལ་སྐྱོར་གསར་སྤེལ་ཅུའུ་ཡི་ཅུའུ་ཀྲང་སྔ་མ་བཞིས་ཅུའུ་དེའི་ཅུའུ་ཀྲང་གི་འགན་བཞེས་སྐབས་སུ་ཏང་ཀྲུང་དབྱང་དབུལ་སྐྱོར་གསར་སྤེལ་དང་དབུལ་ཐར་འགག་སྒྲོལ་སྲིད་ཇུས་ལ་གོ་བ་ཟབ་མོ་ལེན་ཐུབ་མེད་པ་དང་། ལས་ཀའི་ཁྲོད་གྲོན་དངུལ་གང་བྱུང་དུ་བླངས་པ་བཅས་ཐེངས་དུ་མར་མིང་སྣ་ཚོགས་ལ་ཁ་གཡར་ནས་དབུལ་སྐྱོར་མ་དངུལ་སྒྲིག་འགལ་ཐོག་བེད་སྤྱོད་བྱས། བྱེད་སྤྱོད་དེ་ནི་དབུལ་སྐྱོར་མ་དངུལ་དོ་དམ་ལམ་ལུགས་ལ་འགལ་ཡོད་པ་མ་ཟད། དབུལ་པོ་མང་ཚོགས་ཁྲོད་ཀྱི་ཏང་དང་སྲིད་གཞུང་གི་སྣང་བརྙན་བཟང་པོར་གཏོར་བརླག་བཟོས། ཆུ་དམར་ལེབ་རྫོང་དབུལ་སྐྱོར་གསར་སྤེལ་ཅུའུ་ཀྱི་དེ་སྔའི་ཅུའུ་ཀྲང་བློ་བཟང་དགེ་ལེགས་ཀྱིས་ལས་འགན་ལ་དང་དོད་ཆེན་པོ་མི་བྱེད་ཅིང་། སྒྲིག་འགལ་ཐོག་དབུལ་སྐྱོར་ལས་གཞི་བཀོད་སྒྲིག་བརྒྱབ་ནས་དབུལ་སྐྱོར་མ་དངུལ་དོ་དམ་ལ་རྙོག་དྲ་བཟོས་པ་བཅས་གནད་དོན་དག་ཐེར་གནད་ལ་འཁེལ་མེད་པ་དང་། འགན་འཁྲི་ཁག་འགན་ལ་འཐུས་ཤོར་ཚབས་ཆེན་བྱུང་། ལས་ཀ་ལག་བསྟར་བྱས་པ་གནད་ལ་མི་ཕྱོགས་པའི་མི་ཚད། མི་དམངས་མང་ཚོགས་ཀྱི་ཁེ་ཕན་ལ་ཡང་གནོད་སྐྱེལ་བའི་བྱ་སྤྱོད་རིགས་འདི་ལ་ངེས་པར་དུ་ཐག་གཅོད་ནན་མོ་བྱེད་དགོས་པ་རེད།

དབུལ་ཐར་འགག་སྒྲོལ་ལ་རྒྱལ་ཁ་ལོན་རྒྱུ་ནི་ཏང་གིས་མི་དམངས་མང་ཚོགས་ལ་བླངས་པའི་ཁས་ལེན་དམ་བཅའ་ཡིན་ལ། དུས་རབས་གསར་པའི་གུང་ཁྲན་ཏང་མིའི་གཡོལ་དུ་མེད་པའི་ལོ་རྒྱུས་ཀྱི་འགན་འཁྲི་ཡང་ཡིན། ཞིང་ཆེན་ཡོངས་ཀྱི་རིམ་ཁག་ཏང་ཡོན་ལས་བྱེད་པས་ངེས་པར་གོང་འོག་ཀུན་གྱི་བློ་སེམས་གཅིག་ཏུ་སྒྲིལ་ནས་མཉམ་ཤུགས་མཉམ་འདོན་དགོས་པ་དང་། བྱེད་སྤྱོད་དངོས་ཐོག་དབུལ་སྒྲོལ་འགག་གཏོར་ལ་མཐའ་མཇུག་གི་རྒྱལ་ཁ་ལོན་པར་སྙིང་སྟོབས་ཆེར་བསྐྱེད་ཀྱིས་འབད་པ་བྱེད་དགོས། རིམ་ཁག་ཏང་ཨུ་ཡིས་ངོས་ཟིན་སྔར་ལས་ཆེར་བསྐྱེད་དང་། དབུལ་ཐར་འགག་སྒྲོལ་གྱི་གཙོ་གཞིའི་འགན་འཁྲི་ལག་བསྟར་མཐའ་འཁྱོལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“རིམ་ལྔའི་ཧྲུའུ་ཅིས་དབུལ་སྐྱོར་དམ་འཛིན་དགོས”ཞེས་པའི་བླང་བྱ་གལ་ཆེན་ནན་ཏན་མཐའ་འཁྱོལ་བཅས་བྱས་ཏེ། མི་དམངས་མང་ཚོགས་ཀྱིས་བསམ་འཆར་བཏོན་པའི་གནད་དོན་འབུར་ཐོན་ཅན་ཐག་གཅོད་ལེགས་པོ་བྱས་ནས་དབུལ་ཐར་འགག་སྒྲོལ་གྱི་ལས་ཀ་ཁག་གནད་ལ་འཁེལ་བ་དོན་དུ་འཁྱོལ་པར་སྐུལ་སྤེལ་བྱེད་དགོས། རིམ་ཁག་དབུལ་ཐར་འགག་སྒྲོལ་གྱི་འགན་ནུས་སྡེ་ཚན་གྱིས་ལྟ་རྟོག་ལས་འགན་ལག་བསྟར་ནན་མོ་བྱས་ཏེ། ལས་གཞི་ལག་བསྟར་དང་། མ་དངུལ་བཀོལ་སྤྱོད་ལ་ལྟ་རྟོག་ནན་མོ་བྱེད་དགོས། རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་དབུལ་སྐྱོར་མངའ་ཁོངས་ཀྱི་རུལ་སུངས་དང་བྱ་སྤྱོད་ཐོག་གི་གནད་དོན་ལ་ཆེད་དོན་དག་ཐེར་བཟང་བོ་དང་། དབུལ་སྐྱོར་མངའ་ཁོངས་ཀྱི་རུལ་སུངས་དང་རྣམ་པ་རིང་ལུགས། དཔོན་ཉམས་རིང་ལུགས་སོགས་བྱ་སྤྱོད་ངན་པ་རྩད་གཅོད་མཐའ་གཅིག་ཏུ་བྱས་ཏེ། དབུལ་ཐར་འགག་སྒྲོལ་ལ་རྒྱལ་ཁ་དངོས་ལོན་པར་སྟོབས་དང་ལྡན་པའི་སྒྲིག་ཁྲིམས་ཀྱིས་འགན་སྲུང་བྱེད་དགོས།

ཞེས་ཀྲུང་གུང་མཚོ་སྔོན་ཞིང་ཆེན་སྒྲིག་བཤེར་ཨུ་ལྷན་ནས།

2018ལོའི་ཟླ10པའི་ཚེས26ཉིན་ལ།

ཁོན་ཐར་འཚོས་བསྒྱུར།