མཚོ་སྔོན་ཙོང་ཆུའི་གཙག་དྲུབ་ཞིབ་འཇུག་གསབ་སྦྱོང་བྱ་བའི་གྲུབ་འབྲས་འགྲེམས་སྟོན་གྱི་མཛད་སྒོ་སྤེལ་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། ཟླ10པའི་ཚེས27ཉིན་མཚོ་སྔོན་ཞིང་ཆེན་རིག་གནས་དང་གསར་འགྱུར་པར་སྐྲུན་ཐིན་གྱིས་གཙོ་སྒྲུབ་གནང་བའི་མཚོ་སྔོན་ཙོང་ཆུའི་གཙག་དྲུབ་ཞིབ་འཇུག་གསབ་སྦྱོང་གི་གྲུབ་འབྲས་འགྲེམས་སྟོན་མཛད་སྒོ་དེ་ཙོང་ཁ་རྫོང་དུ་སྤེལ། ཐེངས་འདིའི་འགྲེམས་སྟོན་དེ་ཟླ10པའི་ཚེས27ཉིན་ནས་ཟླ11པའི་ཚེས7སྟེ་དུས་ཡུན་ཉིན10ཡི་རིང་ལ་སྤེལ་རྒྱུ་རེད།

ཙོང་ཆུའི་གཙག་དྲུབ་སྒྱུ་རྩལ་ནི་རང་ཞིང་གི་ཙོང་ཆུའི་ས་ཁུལ་གྱི་རིགས་སོ་སོའི་བུད་མེད་དག་གིས་མི་རབས་ནས་མི་རབས་བར་རྒྱུད་འཛིན་བྱས་པའི་ཕུལ་ཏུ་བྱུང་བའི་སྲོལ་རྒྱུན་གྱི་རིག་གནས་སྟེ། ཞིང་ཆེན་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་འཐུས་ཚབ་དཀར་ཆག་ཁྲོད་དུ་བདམས་ཡོད། དེའི་ཁྱབ་ཁོངས་གཙོ་བོ་ནི་རང་ཞིང་གི་ཙོང་ཆུའི་ས་ཁུལ་དང་མཚོ་བྱང་། མཚོ་ནུབ། རྨ་ལྷོ་སོགས་ས་ཁུལ་ཡིན་ལ། ལས་དོན་སྒྲུབ་མཁན་ནི་རྒྱ་དང་བོད། ཧའེ་རིགས། ཧོར་རིགས། སོག་པོ། ས་ལའར་རིགས་བཅས་ཀྱི་བུད་མེད་དག་ཡིན། གཟུགས་འདས་སྲུང་སྐྱོབ་བྱ་བའི་ཚད་གཞི་ཆེས་ཆེར་སོང་བ་དང་བསྟུན་ནས། གཙག་དྲུབ་སྒྱུ་རྩལ་དེ་ཡང་རང་ཞིང་གི་རྒྱ་ཆེའི་རོང་འབྲོག་ཁུལ་བུད་མེད་དག་གིས་མེས་པོའི་ཤུལ་བཞག་ལག་ཤེས་སྒྱུ་རྩལ་ལ་བརྟེན་ནས་སྲོལ་རྒྱུན་རིག་གནས་ལ་སྲུང་སྐྱོབ་དང་དར་སྤེལ་བྱས་ཏེ་ཁྱིམ་ཚང་གི་ཡོང་སྒོ་ཇེ་མང་དང་ཕྱུག་འགྱུར་གྱི་ལམ་བུ་གཏོད་པའི་ལག་ཤེས་སྒྱུ་རྩལ་གལ་ཆེན་ཞིག་ཡིན།

ད་ལོའི་ཟླ9པའི་ཚེས10ནས་ཟླ10པའི་ཚེས11ཉིན་བར་རིག་གནས་དང་ཡུལ་སྐོར་པུའུ་ཡི་དོ་ཁུར་འོག་རིག་གནས་དང་ཡུལ་སྐོར་པུའུ་ཡི་གཟུགས་འདས་ཟི། ཞིང་ཆེན་རིག་གནས་གསར་འགྱུར་པར་སྐུན་ཐིན་གྱིས་ཧྲང་ཧའེ་སློབ་ཆེན་མཛེས་རིས་སློབ་གླིང་དུ་“རིག་གནས་དང་ཡུལ་སྐོར་པུའུ། སློབ་གསོ་པུའུ། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་ཡི་ཀྲུང་གོའི་གཟུགས་འདས་དངོས་པོའི་རིག་གནས་ཤུལ་བཞག་རྒྱུད་འཛིན་ཚོགས་སྤྱིའི་ཞིབ་འཇུག་གསབ་སྦྱོང་འཆར་གཞི་ལས་མཚོ་སྔོན་ཙོང་ཆུའི་གཙག་དྲུབ་ཀྱི་ཞིབ་འཇུག་གསབ་སྦྱོང་འཛིན་གྲྭ”ཞེས་པ་བསྡུས། རང་ཞིང་གི་ཟི་ལིང་དང་གཞོང་ཐང་། ཧོར་གྲོང་། དཔའ་ལུང་། མདོ་ལ། བྲག་དཀར་སོགས་རོང་འབྲོག་ས་ཁུལ་གྱི་རྒྱ་དང་བོད། ཧོར་རིགས། ས་ལའར་རིགས་སོགས་སྤྱིར་བཏང་གི་གཙག་དྲུབ་གཙག་མཁན་མི་གྲངས30ལྷག་ཟབ་ཞུགས་བྱས་ཏེ་སློབ་སྦྱོང་བྱེད་བཞིན་ཡོད། གསབ་སྦྱོང་གི་དུས་ཡུན་ཁྲོད་ཁོ་མོས་དོན་དངོས་ཀྱི་རྣམ་པ་གསར་པ་འཚོལ་ཞིབ་ཀྱིས་དུས་ཡུན་ཟླ་གཅིག་གི་རིང་ལ་གཞུང་ལུགས་སློབ་སྦྱོང་དང་སྣ་འཛོམས་རྩད་གཅོད་དངོས་ཡོད་ཀྱིས་ཧྲང་ཧའེ་སློབ་ཆེན་གྱི་ཇུས་འགོད་མཁན་དག་ལ་འབྲེལ་འདྲིས་དང་མཉམ་འབྲེལ་བརྒྱུས་ས་མཚམས་བརྒལ་བའི་གསར་གཏོད་འདུ་ཤེས་ཀྱིས་ཕུལ་ཏུ་བྱུང་བའི་གཙག་དྲུབ་བརྩམས་ཆོས་ཤིག་གསར་རྩོམ་ལེགས་འགྲུབ་བྱུང་སོང་།

ཐེངས་འདིའི་ཞིབ་འཇུག་གསབ་སྦྱོང་གི་གྲུབ་འབྲས་དེ་སྔར་ལས་མཐོར་འདེགས་སུ་གཏོང་ཆེད། སློབ་སྦྱོང་གནད་ལ་ཁེལ་བ་དང་སློབ་མ་ཕན་ཚུན་བར་ལ་བསམ་བློ་བརྗེ་རེས་བྱེད་པར་ཤུགས་སྣོན་པ། རང་ཞིང་གི་ཙོང་ཆུའི་འབབ་རྒྱུད་ཀྱི་གཙག་དྲུབ་ལ་སྲུང་སྐྱོབ་དང་རྒྱུད་འཛིན། དར་སྤེལ་བཅས་གཏོང་བར་སྐུལ་འདེད་བྱས། ཐེངས་འདིའི་འགྲེམས་སྟོན་ལ་ཡི་གེ་དང་འདྲ་པར། དངོས་པོ་སོགས་ཀྱི་ཐབས་ལམ་བརྒྱུད་སྣ་འཛོམས་འགྲེམས་སྟོན་བྱས་ཏེ་གཅིག་བསྡུས་ཀྱིས་གཙག་དྲུབ་མཁན30ལ་ཧྲང་ཧའེ་མཛེས་རིས་སློབ་གླིང་དུ་ཞིབ་འཇུག་གསབ་སྦྱོང་སྐབས་ཕུལ་བྱུང་གཙག་དྲུབ་བརྩམས་ཆོས50ལྷག་གསར་རྩོམ་བྱས། བརྩམས་ཆོས་འདི་དག་གིས་སྲོལ་རྒྱུན་གཙག་དྲུབ་ཀྱི་རིག་གནས་དང་དེང་རབས་གཉིས་ཟུང་འབྲེལ་བྱས་ཏེ་གཟུགས་འདས་དང་གསར་རྩོམ་གྱི་འགུགས་ཤུགས་མངོན་པར་གཏོད་ནས“མི་རིགས་ཀྱི་ཆེད་དུ་རྒྱུན་འཛིན་དང་འཚོ་བའི་ཆེད་དུ་གསར་རྩོམ་བྱེད་པའི”འདུ་ཤེས་གསར་བ་ཞིག་མངོན་ཡོད། ཁྱོན་ཡོངས་ནས་ཐེངས་འདིའི་ཞིབ་འཇུག་གསབ་སྦྱོང་འཛིན་གྲྭའི་གསབ་སྦྱོང་གི་གྲུབ་འབྲས་མངོན་པར་མཚོན་ཡོད། དེ་དང་ཆབས་ཅིག་འགྲེམས་སྟོན་ཁྲོད་གཙག་དྲུབ་མཁན30ཡི་འདྲ་པར་ཡང་འགྲེམས་སྟོན་བྱས་པས་རྒྱ་ཆེའི་སྤྱི་ཚོགས་ཀྱིས་ཁོ་ཚོར་རྒྱུས་ལོན་ཟབ་མོ་ཞིག་ལེན་ཐུབ་པར་གྱུར།

ལོ་ཙཱ་བ། ལྷ་དཔལ་སྐྱབས།