མགོ་ལོག་ཁུལ་གྱིས་སྐབས་དང་པོའི་ཀྲུང་གོའི་ཞིང་བའི་ལོ་ལེགས་བསྡུ་བའི་དུས་ཆེན་རྒྱལ་ཁའི་ངང་བསྡུས་པ།


མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། ལོ་ལེགས་སྨིན་པར་རྟེན་འབྲེལ་ཞུ་བ་དང་རིག་གནས་དར་སྤེལ་གཏོང་བ། ཞིང་སྡེ་དར་རྒྱས་སུ་གཏོང་བ་བཅས་ཀྱི་ཕྱིར་ཟླ10པའི་ཚེས19ཉིན་ནས་ཚེས21ཉིན་བར་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དགའ་བདེ་རྫོང་དུར་བུད་སྙན་ངག་སྡེ་བས་ཁུལ་དེའི་སྐབས་དང་པོའི་ཀྲུང་གོའི་ཞིང་བའི་ལོ་ལེགས་བསྡུ་བའི་དུས་ཆེན་བསྡུས། དེ་ཡང་དངོས་ཟོང་བརྗེ་རེས་ཚོགས་འདུ་དང་རོང་འབྲོག་སྤྲོ་སྐྱིད་ལུས་རྩལ་འགྲན་ཚོགས། བཅོས་སྒྱུར་སྒོ་འབྱེད་བྱས་ཏེ་ལོ་འཁོར40ལོན་པའི་གྲུབ་འབྲས་འགྲེམ་སྟོན། སྐྱེ་ཁམས་ཕྱུགས་ལས་དཔྱད་གླེང་གྲོས་སྡུར་སོགས། ཕུན་སུམ་ཚོགས་ལ་ཚོན་མདངས་རྣམ་པར་བཀྲ་བའི་བྱ་འགུལ་རབ་དང་རིམ་པ་སྤེལ་ཏེ་རོང་འབྲོག་སྔར་ལས་མང་པོ་ཞིག་ལོ་ལེགས་བསྡུ་བའི་དུས་ཆེན་གྱི་སྤྲོ་སྐྱིད་ཁྲོད་ཞུགས། ཞིང་ལས་སྔར་ལས་དར་རྒྱས་དང་ཞིང་བ་ལ་རོགས་རམ་བྱེད་པ། ཞིང་ལས་ལ་དགའ་ཞིང་ཞིང་བར་རྒྱབ་སྐྱོར་བྱེད་པའི་མཁའ་དབུགས་གསར་པ་ཞིག་གསར་སྐྲུན་གྱིས་སྤྱི་ཚོགས་ཧྲིལ་པོའི་མིག་མདངས་མང་པོ་ཞིག་གངས་རིའི་འདབས་རོལ་གྱི“ཞིང་གསུམ་ཕྱུགས་གསུམ”བྱ་བའི་ཁྲོད་ཞུགས་པ་རེད།


ཁ་བའི་མེ་ཏོག་འཐོར་བའི་ཁྲོད་ཀྱི་གྲང་ངར་གྱིས་མགོ་ལོག་གི་མིའི་བརྩེ་བ་འགེབས་མི་ཐུབ་ལ། ལྷབ་ལྷུབ་གཡོ་བའི་སྐར་ལྔའི་དར་དམར་ལ་གངས་རིའི་འདབས་རོལ་གྱི་རྩྭ་ཐང་དུ་འོད་མདངས་རྣམ་པར་བཀྲ། མགོ་ལོག་གི་རྒྱ་ཆེའི་རོང་འབྲོག་མི་དམངས་ཀྱིས་གླུ་གར་ཟུང་འབྲེལ་གྱི་རྣམ་པ་སྤྱད་དེ་ལོ་ལེགས་བསྡུ་བའི་དུས་ཆེན་ལ་རྟེན་འབྲེལ་ཞུས། ཏང་དང་སྲིད་གཞུང་ལ་བཀའ་དྲིན་ཞུ་བའི་བསྟོད་གླུ་སྙན་མོ་ཡང་དུས་རབས་གསར་པར་དྲངས། ལྟོས་བཏང་། རྩྭ་ཐང་གི་ན་ཆུང་མ་དག་གིས་ལུས་ལ་དུས་ཆེན་གྱི་རྒྱན་གོས་སྤྲས་ཤིང་གཙང་འགྲམ་དུ་ཆུ་ཟོ་རྒྱབ་ལ་ཁུར་ཏེ་བསིལ་རྩྭའི་མུ་ཏིག་འཐོར། དཔའ་ཉམས་ཆེ་བའི་གསར་རྒོད་དག་གིས་འུར་ཆ་དགུང་ལ་གཡུག་བཞིན་ནོར་ཁྱུ་ལྷས་ལ་བསྐོར། རླབས་རིས་འཁྱུག་འདྲའི་རྩྭ་ཐང་གི་འཚོ་བའི་རི་མོའི་གླེགས་བམ་ཆུང་ཆུང་ཞིག་འདི་ལྟར་ཁ་ཕྱེས་ཡོད། མགོ་ལོག་གི་རྩྭ་ཐང་དུ་གང་སར་འཕྲུལ་ཆས་ཀྱིས་སྟོན་མཇུག་གི་ལོ་ལེགས་བསྡུ་བའི་ལས་ལ་བྲེལ་བཞིན་འབྲོག་པ་མང་ཚོགས་ཀྱི་ངོ་གདོང་ལ་སྤྲོ་དགའི་འཛུམ་ཞགས་འཁྱིལ་བའི་མཛེས་ལྗོངས་ཤིག་ཆགས་འདུག དངོས་ཟོང་བརྗེ་རེས་ཚོགས་ཆེན་སྟེང་གངས་རིའི་འདབས་རོལ་གྱི་ཐོན་རྫས་དག་གིས་སྐུ་མགྲོན་དག་གི་མིག་དབང་ཅིག་ཅར་འཕྲོག དབྱར་རྩྭ་དགུན་འབུ་དང་གྲོ་མ། ཀྱི་ལྕེ། ལྕུམ། ཤ་སྐམ། མེ་ཏོག་གངས་ལྷ། ཀླུ་བདུད་རྡོ་རྗེ། ཤ་མོ་སེར་པོ། ལུག་གྲོད་ཤ་མོ། ཆུར་བ། ཞོ། དྲི་ཞིམ་འདག་རྫས། མཆུ་རྩི་སོགས་ཁྱད་ལྡན་ཐོན་རྫས་དང་བོད་ཀྱི་རྒྱན་གོས། ལག་ཤེས་བཟོ་ལས་སྒྱུ་རྩལ་ཐོན་རྫས་སོགས་ཞིང་འབྲོག་ཐོན་རྫས་ཀྱིས་དུས་རབས་གསར་པའི་འོད་སྣང་བསུས། ཞིང་བའི་ལུས་རྩལ་འགྲན་ཚོགས་སྟེང་གཅིག་བསྡུས་ཀྱི་ཐག་འཐེན་འགྲན་སྡུར་དང་གླང་ཆེན་ས་གཤགས། ས་སྒྱེ་འགྱོགས་པ། འབྲོག་ལས་འགྲན་སྡུར་སོགས་འདུ་འཛི་ཧ་ཅང་ཆེ་ཞིང་རྒྱལ་ཁའི་སྤྲོ་སྐྱིད་ཀྱི་དགོད་སྒྲ་ཡང་གང་སར་ཁྱབ། བཅོས་སྒྱུར་སྒོ་འབྱེད་བྱས་ཏེ་ལོ་འཁོར40ལོན་པའི་གྲུབ་འབྲས་འགྲེམས་སྟོན་དང་ཏང་འཛུགས་གྲུབ་འབྲས་འགྲེམས་སྟོན་སྟེང་འདྲ་པར་ཞིག་གིས་དགའ་བདེ་རྫོང་གི་འཕེལ་རྒྱས་ཀྱི་ལོ་རྒྱུས་བརྒྱུད་རིམ་དང་ཏང་འཛུགས་ཀྱི་བྱ་གཞག་སོ་སོ་འཕེལ་རྒྱས་སུ་བཏང་བའི་འོད་སྟོང་འབར་བའི་གྲུབ་འབྲས་རྒྱས་བཤད་བྱས་ཡོད། རྐྱང་ཆད་ཤང་གངས་རིའི་ཕྱུགས་ལས་ཀུང་ཟིའི་ར་སྐོར་ནང་དུ་སྐྱེ་ཁམས་ཕྱུགས་ལས་དཔྱད་གླེང་གྲོས་ཚོགས་བསྡུས་ཤིང་། ཞིང་ཆེན་དང་ཁུལ་ཡོངས་ཀྱི་སྐྱེ་ཁམས་ཕྱུགས་ལས་ཆེད་མཁས་མི་སྣ་མཉམ་ཞུགས་བྱས་ཏེ་མགོ་ལོག་ཁུལ་གྱི་སྐྱེ་ཁམས་ཕྱུགས་ལས་འཕེལ་རྒྱས་ཐད་ལ་ཆེད་དོན་སྙན་ཞུ་ཕུལ། ཡུལ་དངོས་སུ་རོང་འབྲོག་མང་ཚོགས་ཀྱི་དྲི་བར་ལན་བཏབ། ཞིང་གྲོང་དར་སྤེལ་ཞིབ་མཚོན་རི་མོ་གསར་བཞེངས་བྱ་ཆེད་ཚོགས་ཞུགས་མི་སྣ་དག་གིས་དྲིལ་སྒྲོག་འགྲེམས་བྱང་བརྙན་གཏོང་དང་འགྲེམས་བྱང་ལ་འགྲེལ་བཤད། ཡུལ་དངོས་ལྟ་ཞིབ་སོགས་ཀྱི་བྱེད་ཐབས་སྤྱད་དེ་དགའ་བདེ་རྫོང་གི་ལོ་ངོ་བཅུའི་རིང་གི་སྐྱེ་ཁམས་ཕྱུགས་ལས་ལ་གཟིགས་སྐོར་གནང་བ་རེད།


དགའ་བདེ་རྫོང་ཏང་ཨུའི་ཧྲུའུ་ཅི་ཤེས་རབ་ཀྱིས་བཤད་རྒྱུར། དབུལ་སྐྱོར་མཁྲེགས་གཏོར་ནི་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་ལ་རྒྱལ་ཁ་ལེན་པའི་དུས་རིམ་ཞིག་ཡིན་ལ། ཞིང་སྡེ་དར་སྤེལ་འཐབ་ཇུས་ལག་བསྟར་བྱེད་པ།“སྔོན་འགྲོ་གཅིག་དང་ཕུལ་བྱུང་གཉིས”ཀྱི་འཐབ་ཇུས་བཀོད་སྒྲིག་བྱ་བའི་འགོ་ཚུགས་པའི་ལོ་ཡང་ཡིན། དགའ་བདེ་རྫོང་གིས་མགོ་ལོག་ཁུལ་གྱི་སྐབས་དང་པོའི་ཀྲུང་གོའི་ཞིང་བའི་ལོ་ལེགས་དུས་ཆེན་སྒྲུབ་པའི་འགན་དང་ལེན་བྱས་ཤིང་། མགོ་ལོག་མི་དམངས་ཀྱིས་དུས་རབས་གསར་པའི་རེ་སྒུག་དང་བསྟུན་ནས་རྒྱ་ཆེའི་རོང་འབྲོག་མང་ཚོགས་ཀྱི་དུས་རབས་གསར་པའི་དགོས་འདོད་གསར་བ་ཚིམས་པར་བྱས་ཡོད། རྣམ་པ་གསར་པའི་རོང་འབྲོག་མི་དམངས་ཀྱི་འཚོ་བ་གསར་པ་འགྲེམས་སྟོན་བྱས་ཏེ། ཚང་མས་སྟོབས་ཤུགས་གཅིག་སྒྲིལ་སྒོས་འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་གི་ཁྱིམ་གཞིས་གསར་པ་ཞིག་གསར་འཛུགས་བྱེད་པའི་སྟོབས་ཤུགས་གཞི་གཅིག་ཏུ་བསྡུས་ཡོད་ཟེར།



ལོ་ཙཱ་བ། ལྷ་དཔལ་སྐྱབས།