རང་ཞིང་གི་དྭ་ཕྲུག600ལ་མ་དངུལ་གྱི་རོགས་སྐྱོར་ཐོབ་པ།


མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ10པའི་ཚེས17ཉིན་ལ། རྟ་ཐང་ཧུའེ་རིགས་ཧོར་རིགས་རང་སྐྱོང་རྫོང་དུ། ཧའེ་ནན་ཁྲེང་མའེ་དགེ་སྒྲུབ་ཐེབས་རྩ་ཚོགས་པས་ལས་འགོ་བསླངས་ཤིང་། ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་འགན་སྒྲུབ་གནང་བའི“དོན་དངོས་དྭ་ཕྲུག་ལ་རོགས་རམ་བྱེད”ཅེས་པ་སྟེ་དྭ་ཕྲུག་དངོས་མིན་ཡང་དངོས་དོན་དྭ་ཕྲུག་དང་དབྱེར་མེད་པའི་བྱིས་པར་རོགས་སྐྱོར་བྱེད་པའི་ལས་གཞི་དངོས་སུ་གཉེར་བའི་མཛད་སྒོ་བསྡུས་ཏེ། རང་ཞིང་གི་དེ་ལྟ་བུའི་དྭ་ཕྲུག600ལ་རོགས་དངུལ་ཁྲི150སྤྲད་པ་རེད།


དོན་དངོས་ཀྱི་དྭ་ཕྲུག་གམ་དྭ་ཕྲུག་ངོ་མ་ནི་སྤྱིར་བཏང་ལོ་ན18ལ་སོན་མེད་ཅིང་། ཕ་མའི་དབང་པོར་སྐྱོན་ཚབས་ཆེན་ཡོད་པ། བཙོན་དུ་བཅུག་པ། ནད་གཞི་ལྕི་མོ་ཕོག་པ། བོར་བརླགས་སོང་བ། ཕ་མས་ལྟ་སྐྱོང་མི་བྱེད་པ་ལ་སོགས་པའི་དབང་གིས་མ་གཞི་ལྟ་སྐྱོང་བ་ཡོད་རུང་། བུ་ཕྲུག་ལ་གཉོར་སྐྱོང་མི་ཐུབ་པ་མ་ཟད། དྭ་ཕྲུག་གི་འགན་སྲུང་མ་ལག་ནང་ལེན་ཐབས་མེད་པའི་བྱིས་པ་ལ་ཟེར་བ་རེད།

“དོན་དངོས་དྭ་ཕྲག་ལ་རོགས་རམ་བྱེད”ཅེས་པ་ནི2014ལོའི་ཟླ10པའི་ཚེས20ཉིན་དངོས་སུ་གཉེར་ཤིང་། 2018ལོར་ལས་གཞི་དེའི་སྐོར་ནས་མཚོ་སྔོན་བུད་མེད་དང་བྱིས་པའི་འཕེལ་རྒྱས་ཐེབས་རྩ་ཚོགས་པ་དང་། ཡོའུ་ཁྲེང་སྤྱི་ཕན་གཉིས་མཚོ་སྔོན་ས་ཁུལ་གྱི་མཉམ་ལས་གྲོགས་པོར་གྱུར། ལས་གཞི་གཉེར་རྗེས། ཕྱོགས་གཅིག་ནས་དོན་དངོས་སུ་གཉོར་སྐྱོང་དང་ལྟ་སྐྱོང་བྱེད་མཁན་མེད་པའི་སློབ་ལོ་ལོན་པའི་བྱིས་པར་མ་དངུལ་གྱི་རོགས་རམ་བྱས་ཏེ། འདྲ་མཉམ་ཐོག་སློབ་གསོ་མྱོང་བའི་དབང་ཆ་ལོངས་སྤྱོད་དང་། བདེ་ཐང་འཚར་ལོངས་ལ་ཆ་རྐྱེན་བསྐྲུན་པ་དང་། ཕྱོགས་གཞན་ནས“དོན་དངོས་སུ་གཉོར་སྐྱོང་དང་ལྟ་སྐྱོང་བྱེད་མཁན་མེད་པའི་བྱིས་པར་བསམ་ཡུལ་ལས་འདས་པའི་དོན་རྐྱེན་འབྱུང་བ་ལ་དགོས་པའི་མ་དངུལ་གསོག་ཉར”བྱེད་ཐབས་བཏོན་ཏེ། ཆེད་དུ་ བྱིས་པ་དེ་དག་ལ་གློ་བུར་བའི་དོན་རྐྱེན་འདྲ་མིན་བྱུང་ཞིང་ཁྱིམ་ཚང་གི་དཔལ་འབྱོར་གྱིས་ཐེག་མི་ཐུབ་པའི་གནས་ཚུལ་འོག ལམ་སེང་བྱིས་པ་མྱུར་སྐྱོབ་བྱེད་ཐུབ་པར་བྱས་ཡོད། ཐེངས་འདིའི་ཀུན་ཕན་ལས་གཞི་དེས་ཐོག་མར་རང་ཞིང་གི་ཁུལ་དྲུག་དང་གྲོང་ཁྱེར་གཉིས་ཀྱི་ལོ་རིམ་དང་པོ་ནས་ལོ་རིམ་དགུ་པའི་བར་གྱི་དོན་དངོས་དྭ་ཕྲུག་ལ་རོགས་བྱས་ཡོད་པ་རེད།


ལས་གཞི་འདིའི་འཚོ་བའི་རོགས་དངུལ་གྱི་རོགས་རམ་ཚད་གཞི་ནི། བུ་བཅོལ་ཁང་གི་དོན་དངོས་དྭ་ཕྲུག་རེ་ལ་ལོ་རེར་སྒོར1200རེ་དང་། སློབ་ཆུང་གི་དོན་དངོས་དྭ་ཕྲུག་རེ་ལ་ལོ་རེར་སྒོར1400རེ། སློབ་འབྲིང་གི་དོན་དངོས་དྭ་ཕྲུག་རེ་ལ་ལོ་རེར་སྒོར1600རེ། མཐོ་འབྲིང་གི་དོན་དངོས་དྭ་ཕྲུག་རེ་ལ་ལོ་རེར་སྒོར2400རེ་ཡིན་པ་རེད། མཚོ་སྔོན་ཞིང་ཆེན་གྱི་ཐེམ་ཐོ་ཡིན་ཞིང་། དུས་ཡུན་རིང་པོར་ཐེམ་ཐོ་ཡོད་སར་འཚོ་བ་སྐྱེལ་བ། ལོ་བཅོ་བརྒྱད་མན་ཡིན་པ། ཕ་མ་ཟུང་གིས་གཉོར་སྐྱོང་དང་བདག་སྐྱོང་བྱེད་མི་ཐུབ་པའམ་རྩ་བ་ནས་བདག་སྐྱོང་བྱེད་མི་ཐུབ་ཅིང་། ལྟ་སྐྱོང་གི་འགན་འཁྲི་མི་ཐེག་པའི་ཁྱིམ་ཚང་དཀའ་ངལ་ཅན་གྱི་བྱིས་པ་ཡོད་ཚད་ཀྱིས་རོགས་སྐྱོར་ལས་གཞི་འདི་ལ་སྙན་ཞུ་ཕུལ་ཆོག་པ་རེད།

ལོ་ཙཱ་བ། ཁོན་ཐར་འཚོ།