མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་ལས་ཐིང་གིས་ཡུལ་སྐོར་ཚོང་རའི་རིན་གོང་གི་ལྟ་སྐུལ་དོ་དམ་སྔར་བས་ཇེ་དྲག་ཏུ་གཏོང་བའི་བྱེད་ཐབས(ཚོད་ལྟའི་ལག་བསྟར)བཅུ་དཔར་འགྲེམ་བྱས་པའི་སྐོར་གྱི་བརྡ་སྦྱོར།

མཚོ་སྲིད་གཞུང་ལས་ཐིང〔2018〕ཨང82པ།

གྲོང་ཁྱེར་དང་རང་སྐྱོང་ཁུལ་སོ་སོའི་མི་དམངས་སྲིད་གཞུང་དང་། ཞིང་ཆེན་སྲིད་གཞུང་གི་ཨུ་ཡོན་ལྷན་ཁང་དང་གཞུང་ལས་ཁང་། ཐིང་། ཅུས་སོ་སོ་བཅས་ལ།

《ཡུལ་སྐོར་ཚོང་རའི་རིན་གོང་གི་ལྟ་སྐུལ་དོ་དམ་སྔར་བས་ཇེ་དྲག་ཏུ་གཏོང་བའི་བྱེད་ཐབས(ཚོད་ལྟའི་ལག་བསྟར)བཅུ》ལ་ཞིང་ཆེན་སྲིད་གཞུང་ཡིད་འཐད་བྱུང་བ་བརྒྱུད་དེ། ད་ལྟ་ཁྱོད་ཚོར་དཔར་འགྲེམ་བྱས་པ་བཞིན་ནན་ཏན་སྒོས་ལག་ལེན་མཐར་ཕྱིན་བྱ་དགོས།

མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་ལས་ཐིང་ནས།

2018ལོའི་ཟླ6པའི་ཚེས9ཉིན།

ཡུལ་སྐོར་ཚོང་རའི་རིན་གོང་གི་ལྟ་སྐུལ་དོ་དམ་སྔར་བས་ཇེ་དྲག་ཏུ་གཏོང་བའི་བྱེད་ཐབས་བཅུ།

(ཚོད་ལྟའི་ལག་བསྟར།)

ཡུལ་སྐོར་རིན་གོང་གི་བྱ་སྤྱོད་ཚད་ལྡན་དང་། ཡུལ་སྐོར་རིན་གོང་གི་སྒྲིག་ལམ་ལ་སྲུང་སྐྱོང་། འཛད་སྤྱོད་པ་དང་ཚོང་གཉེར་པའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་། རང་རེའི་ཞིང་ཆེན་གྱི་ཡུལ་སྐོར་ལས་རིགས་རྒྱུན་མཐུད་སྐྱོན་བྲལ་ངང་གོང་དུ་འཕེལ་བར་སྐུལ་འདེད་གཏོང་ཆེད། རྒྱལ་ཁབ་ཀྱི་འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་གཞིར་བཟུང་བ་དང་། རང་རེའི་ཞིང་ཆེན་གྱི་ཡུལ་སྐོར་བྱ་བའི་དོན་དངོས་ལ་ཟུང་འབྲེལ་བྱས་ཏེ། གཤམ་གྱི་བྱེད་ཐབས་བཅུ་བཏོན་པ་ཡིན།

གཅིག ཡུལ་སྐོར་རིན་གོང་གི་ལྟ་བཤེར་དབྱེ་ཞིབ་ཇེ་དྲག་ཏུ་གཏང་དགོས། 《མཚོ་སྔོན་ཞིང་ཆེན་གྱི་རིན་གོང་ལྟ་སྐུལ་ཞིབ་བཤེར་བྱེད་ཐབས》(ཞིང་ཆེན་སྲིད་གཞུང་གི་བཀའ་རྒྱ་ཨང91པ)ཀྱི་འབྲེལ་ཡོད་གཏན་འཁེལ་ནན་མོ་སྒོས་གཞིར་བཟུང་སྟེ། ཡུལ་སྐོར་ལྗོངས་ཁུལ་གྱི་འཛིན་བྱང་དང་ཉེ་འཁོར་གྱི་བཟའ་བཏུང་། མགྲོན་ཁང་སོགས་ཀྱི་ཚོང་རའི་སྙོམ་སྒྲིག་རིན་གོང་གི་འཛད་སྤྱོད་ཞབས་ཕྱིའི་ཆ་སྙོམས་རིན་གོང་དང་ཆ་སྙོམས་རིན་ཁྱད་ཚད་དང་ཆ་སྙོམས་ཁེ་སྤོགས་ཚད་དུས་བཀག་ལྟར་ཚད་འཇལ་གཏན་འཁེལ་དང་སྤྱི་བསྒྲགས་བྱས་ཏེ། ཡུལ་སྐོར་ཚོང་གཉེར་པས་ལུགས་མཐུན་གྱི་རིན་གོང་གཏན་འཁེལ་དང་འཛད་སྤྱོད་པས་སྟངས་འཛིན་གྱིས་འཛད་སྤྱོད་བྱེད་པར་ཁྲིད་སྟོན་དང་ཡུལ་སྐོར་རིན་གོང་གི་ཆུ་ཚད་ལ་སྙོམ་སྒྲིག་དང་ཚོད་འཛིན་བྱས་ནས། ཡུལ་སྐོར་རིན་གོང་གི་སྤྱིའིི་ཆུ་ཚད་ཕལ་ཆེར་བརྟན་འཇགས་ཡོང་བ་རྒྱུན་འཁྱོངས་བྱ་དགོས། (འགན་འཁུར་ལས་ཁུངས་ནི་རིམ་པ་སོ་སོའི་རིན་གོང་གཙོ་གཉེར་ལས་ཁུངས་ཡིན།)

གཉིས། རིན་གོང་མཛུབ་སྟོན་ལམ་ལུགས་ཁྱོན་ཡོངས་ནས་དོན་འཁྱོལ་བྱ་དགོས། ཡུལ་སྐོར་བ་མང་བའི་དུས་ཚིགས(ཟླ5བ་ནས10བའི་བར)ཀྱི་སྐབས་སུ། ཡུལ་སྐོར་ལྗོངས་ཁུལ་དང་དེའི་ཉེར་འཁོར། ཡུལ་སྐོར་གཙོ་གནད་རྫོང(གྲོང་ཁྱེར་དང་ཆུས། སྲིད་འཛིན་ཨུ་ལྷན)། ཡུལ་སྐོར་ཚོང་རྫས་ཕྱིར་འཚོང་བྱེད་གནས། སྤྱི་གླིང་། ཡུལ་སྐོར་བསྡུ་འགྲེམ་གནས། རླངས་འཁོར་འབབ་ཚིགས། གྲུ་ཁ། གནམ་གྲུ་ཐང་སོགས་ས་གནས་སུ་ཡུལ་སྐོར་རྒྱུ་རྐྱེན་གཙོ་བོའི་རིན་གོང་ལ་སྲིད་གཞུང་གི་མཛུབ་སྟོན་རིན་གོང་དང་ཚོང་རའི་སྙོམ་སྒྲིག་ཕན་ཚུན་ཟུང་དུ་སྦྲེལ་བའི་དོ་དམ་རྣམ་པ་ལག་བསྟར་བྱ་དགོས། (འགན་འཁུར་ལས་ཁུངས་ནི་རིམ་པ་སོ་སོའི་རིན་གོང་གཙོ་གཉེར་ལས་ཁུངས་ཡིན།)

གསུམ། ཚད་ལྡན་གྱི་འགུལ་རྣམ་སྙོམ་སྒྲིག་ལམ་ལུགས་འཛུགས་དགོས། ཡུལ་སྐོར་རྒྱུ་རྐྱེན་གཙོ་བོའི་རིན་གོང་དེ་ཡུལ་སྐོར་ཚོང་རྫས་སམ་ཞབས་ཕྱིའི་སྤྱི་ཚོགས་ཀྱི་ཆ་སྙོམས་མ་གནས་དང་ཚོང་རའི་མཁོ་འདོན་གནས་བབ། སྤྱི་ཚོགས་ཀྱི་ཐེག་ནུས། སྤུས་ཚད་རིམ་པ། ཐོན་ཁུངས་ཁོར་ཡུག་གི་ཕན་འབྲས་བཅས་གཞིར་བཟུང་ཞིང་། འཛད་སྤྱོད་པ་དང་ཚོང་གཉེར་པ། ལས་རིགས་རྩ་འཛུགས་ཀྱི་སྙོམ་སྒྲིག་རེ་ཞུ་གཞིར་བཟུང་ནས་དུས་ཐོག་ཏུ་སྙོམ་སྒྲིག་བྱ་དགོས། རིན་གོང་གཙོ་གཉེར་ལས་ཁུངས་ཀྱིས་ཞུ་ཐེབས་ཐོ་འགོད་བྱས་རྗེས། ཚོང་གཉེར་བྱེད་པོས་སྙོམ་སྒྲིག་བྱས་པའི་རིན་གོང་གཞིར་བཟུང་ནས་ཚོང་གཉེར་དང་ཕྱིར་འཚོང་བྱ་དགོས། (འགན་འཁུར་ལས་ཁུངས་ནི་རིམ་པ་སོ་སོའི་རིན་གོང་གཙོ་གཉེར་ལས་ཁུངས་ཀྱིས་འགན་འཁུར་བ་དང་། བཟོ་ཚོང་སྲིད་འཛིན་དོ་དམ་ལས་ཁུངས་དང་ཡུལ་སྐོར་ལས་ཁུངས་ཀྱིས་གཞོགས་འདེགས་བྱེད་རྒྱུ་ཡིན།)

བཞི། རིན་གོང་གསལ་བོར་འགོད་པའི་ལམ་ལུགས་དོན་འཁྱོལ་ནན་མོ་བྱ་དགོས། ཚོང་གཉེར་བྱེད་པོ་ཚང་མས་ངེས་པར་ཡུལ་སྐོར་ཚོང་རྫས་ལ་རིན་གོང་གསལ་བོར་འགོད་པའི་ལམ་ལུགས་ལག་བསྟར་བྱས་ཏེ། རིན་གོང་བྱང་བུ་དང་རེའུ་མིག་ཆ་ཚང་བ་དང་རིན་གོང་བཀོད་པ་བདེན་པ་མངོན་གསལ་ཡིན་པ། བྲིས་རིས་གསལ་བོ། དངོས་པོ་དང་རིན་གོང་བྱང་བུ་མཐུན་པ། རྟགས་བཀོད་གསལ་བོ་ཡིན་པར་བྱ་དགོས། རིན་གོང་མཐོ་རུ་བཏང་ནས་འཚོང་བ་དང་གསལ་བོར་བཀོད་མེད་པའི་རིན་གཅིག་ཀྱང་བླངས་མི་ཆོག བཟའ་བཏུང་ཞབས་ཕྱི་ཁེ་ལས་ཀྱིས་ངེས་པར་མིག་གི་རིག་སར་སྤྱི་བསྒྲགས་བྱེད་དགོས་པ་དང་། སྤྱི་བསྒྲགས་བྱང་བུའི་གཡས་ཀྱི་ཞོལ་ཟུར་དུ་རིན་གོང་ལས་ཁུངས་ཀྱི་ཐམ་ཀ་ཡོད་དགོས་ལ། ཞུ་གཏུག་ཁ་པར་ཡང་འགོད་དགོས། མགྲོན་པོར་སྤྲད་པའི་ཟས་ཐོ་དང་ཟས་མིང་། སྤུས་ཚད། རིན་གོང་བཅས་སྤྱི་བསྒྲགས་བྱང་བུའི་ནང་དོན་དང་གཅིག་མཚུངས་ཡིན་ལ། སྤྱི་བསྒྲགས་བྱས་པ་ལས་གཞན་ཟུར་གྱི་རིན་དངུལ་གཏན་ནས་བླངས་མི་ཆོག (འགན་འཁུར་ལས་ཁུངས་ནི་རིམ་པ་སོ་སོའི་རིན་གོང་གཙོ་གཉེར་ལས་ཁུངས་དང་བཟོ་ཚོང་སྲིད་འཛིན་དོ་དམ་ལས་ཁུངས་ཡིན།)

ལྔ། ཁྲིམས་དང་འགལ་བར་ཞུ་གཏུག་ཐེར་འདོན་བྱེད་པའི་བརྒྱུད་ལམ་ཐོགས་མེད་དུ་གཏང་དགོས། “12358”རིན་གོང་ཐེར་འདོན་མ་ལག་དང“12315”འཛད་སྤྱོད་པའི་ཞུ་གཏུག་ཐེར་འདོན་མ་ལག “12301”ཡུལ་སྐོར་ཞུ་གཏུག་སྟེགས་བུའི་བྱེད་ནུས་འདོན་སྤེལ་གང་ལེགས་བྱས་ཏེ། ཡུལ་སྐོར་བས་རིན་གོང་ཐད་ཁྲིམས་དང་འགལ་བའི་བྱ་སྤྱོད་ཞུ་གཏུག་ཐེར་འདོན་བྱེད་རྒྱུ་ཁྲིམས་ལྟར་བདག་སྤྲོད་བྱ་དགོས། (འགན་འཁུར་ལས་ཁུངས་ནི་རིམ་པ་སོ་སོའི་རིན་གོང་གཙོ་གཉེར་ལས་ཁུངས་དང་། བཟོ་ཚོང་སྲིད་འཛིན་དོ་དམ་ལས་ཁུངས། ཡུལ་སྐོར་དོ་དམ་ལས་ཁུངས་བཅས་ཀྱིས་འགན་འཁུར་རྒྱུ་ཡིན།)

དྲུག ཡུལ་སྐོར་ཚོང་རར་སྐབས་བསྟུན་ངང་མངོན་གསལ་དུ་རྟོག་ཞིབ་དང་ལྐོག་ཏུ་རྩད་གཅོད་བྱ་དགོས། ཡུལ་སྐོར་ཚོང་རའི་སྒྲིག་ལམ་ལྟ་སྐུལ་དང་མཛུབ་སྟོན་ཞིབ་བཤེར་ཚོགས་ཆུང་བཙུགས་ནས། མངོན་གསལ་དུ་རྟོག་ཞིབ་དང་ལྐོག་ཏུ་རྩད་གཅོད་བྱེད་པ་སོགས་ཀྱི་རྣམ་པ་སྤྱད་དེ། ཡུལ་སྐོར་རིན་གོང་ནང་དོན་གཙོ་བོ་ཡིན་པའི་མཉམ་འབྲེལ་ཁྲིམས་འཛིན་ལྟ་སྐུལ་མཛུབ་སྟོན་ཞིབ་བཤེར་དུས་ངེས་གཏན་མེད་པར་སྤེལ་དགོས། (འགན་འཁུར་ལས་ཁུངས་ནི་རིམ་པ་སོ་སོའི་ཡུལ་སྐོར་ལས་ཁུངས་ཀྱིས་སྣེ་འཁྲིད་པ་དང་། རིན་གོང་གཙོ་གཉེར་ལས་ཁུངས་དང་སྤྱི་བདེ་ལས་ཁུངས། བཟོ་ཚོང་སྲིད་འཛིན་དོ་དམ་ལས་ཁུངས་བཅས་ཀྱིས་གཞོགས་འདེགས་བྱེད་རྒྱུ་ཡིན།)

བདུན། ཡུལ་སྐོར་ཚོང་རའི་རིན་གོང་རྙོང་འཛིང་གི་གནས་ཚུལ་ལ་ཞིབ་བཤེར་ནན་མོ་བྱ་དགོས། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རིན་གོང་བཅའ་ཁྲིམས》དང་།《ཚོང་རྫས་དང་ཞབས་ཕྱིའི་རིན་གོང་གསལ་བོར་འགོད་པའི་སྐོར་གྱི་གཏན་འཁེལ》(རྒྱལ་ཁབ་གོང་སྤེལ་འཆར་གཞི་ཨུ་ཡོན་ལྷན་ཁང་གི་བཀའ་རྒྱ་ཨང8པ)དང《མཚོ་སྔོན་ཞིང་ཆེན་གྱི་རིན་གོང་ལྟ་སྐུལ་ཞིབ་བཤེར་བྱེད་ཐབས》(ཞིང་ཆེན་སྲིད་གཞུང་གི་བཀའ་རྒྱ་ཨང9པ)སོགས་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་གཞིར་བཟུང་ནས། ཡུལ་སྐོར་ལས་རིགས་ཚོང་གཉེར་པས་སྲིད་གཞུང་གི་མཛུབ་སྟོན་རིན་གོང་ལག་བསྟར་མི་བྱེད་པ་དང་། གཏན་འཁེལ་ལྟར་རིན་གོང་གསལ་བོར་མི་འགོད་པ། མགྲོན་པོར་མགོ་སྐོར་གཏོང་བ། རྫུན་ལྷད་ཞན་གསུམ་གྱི་ཚོང་རྫས་བཙོང་བ། རྒྱུ་སྤུས་ཞན་པས་དག་མའི་ཚབ་བྱེད་པ། ལས་རིགས་མགོ་སྐོར་དང་ཚོང་ར་བཙན་བཟུང་བྱེད་པ། ཚོང་ར་སྒེར་སྡོམ་གྱི་གྲོས་ཆིངས་འགོད་པ། ཚོང་རའི་བཀོད་སྒྲིག་གོ་གནས་གང་འདོད་དུ་སྤྱོད་པ། དྲ་ཐོག་ནས་ཐོ་འགོད་བྱས་རྗེས་ཚོང་ཁང་དུ་ཐོན་ན་རིན་གོང་འཕེར་བ། བརྡ་ཁྱབ་རྫུན་མ་དྲིལ་སྒྲོག་དང་། དྲིལ་སྒྲོག་རྫུན་མའམ་མི་ལ་གོ་བ་ལོག་པར་དྲིལ་སྒྲོག་སྤེལ་བ། རྫུན་ལྷད་ཞན་གསུམ་གྱི་ཚོང་རྫས་བཙོང་བ་སོགས་ཀྱི་བྱ་སྤྱོད་ལ་ཞིབ་བཤེར་ཐག་གཅོད་ནན་མོ་བྱ་དགོས། (འགན་འཁུར་ལས་ཁུངས་ནི་རིམ་པ་སོ་སོའི་རིན་གོང་གཙོ་གཉེར་ལས་ཁུངས་དང་བཟོ་ཚོང་སྲིད་འཛིན་དོ་དམ་ལས་ཁུངས་ཡིན།)

བརྒྱད། རིན་གོང་གི་ཁྲིམས་འགལ་ཉེས་གསོག་ལ་རྡུང་རྡེག་ནན་མོ་གཏང་དགོས། ཡུལ་སྐོར་བའི་ཁེ་དབང་ལ་གནོད་པ་གཏོང་བའི་ཁྲིམས་འགལ་ཉེས་བསགས་ཚོགས་པར་ཁྲིམས་ལྟར་རྡུང་རྡེག་ནན་མོ་བཏང་སྟེ། བཙན་གྱིས་འཛད་སྤྱོད་དང་གཡོ་ལེན་ཧམ་འཕྲོག ལས་རིགས་མགོ་སྐོར་དང་ཚོང་ར་བཙན་བཟུང་བྱེད་པ་སོགས་ཀྱི་ཁྲིམས་འགལ་ཉེས་བསགས་བྱ་སྤྱོད་ལ་དུས་ཐོག་ཏུ་ཞིབ་བཤེར་ཐག་གཅོད་གཏང་དགོས། (འགན་འཁུར་ལས་ཁུངས་ནི་རིམ་པ་སོ་སོའི་སྤྱི་བདེ་ལས་ཁུངས་ཀྱིས་སྣེ་འཁྲིད་པ་དང་། རིན་གོང་གཙོ་གཉེར་ལས་ཁུངས་དང་བཟོ་ཚོང་སྲིད་འཛིན་དོ་དམ་ལས་ཁུངས། ཡུལ་སྐོར་ལས་ཁུངས་བཅས་ཀྱིས་གཞོགས་འདེགས་བྱེད་རྒྱུ་ཡིན།)

དགུ། ལས་རིགས་ཡིད་རྟོན་མ་ལག་འཐུས་ཚང་དུ་གཏང་དགོས། ཡུལ་སྐོར་ལས་རིགས་ཀྱི་ཆ་འཕྲིན་སྤྱི་བསྒྲགས་ལམ་ལུགས་དང་ཡིད་རྟོན་མེད་པའི་ཆད་གཅོད་ལམ་ལུགས་འཐུས་ཚང་དུ་བཏང་ནས། ཡུལ་སྐོར་རིན་གོང་དོ་དམ་གྱི་གཏན་འཁེལ་དང་འགལ་ནས་སྲིད་འཛིན་ཆད་གཅོད་ཐོབ་མཁན་ལ། གཏན་འཁེལ་ལྟར་ཆད་གཅོད་ཆ་འཕྲིན་སྤྱི་ཚོགས་ལ་སྤྱི་བསྒྲགས་བྱ་དགོས་པར་མ་ཟད། དེའི་ཡིད་རྟོན་ཟིན་ཐོར་འགོད་དགོས། ཁེ་ལས་སམ་མི་སྒེར་གྱི་ཡིད་རྟོན་ཟིན་ཐོ་དེ་འབྲེལ་ཡོད་འགན་ནུས་ལས་ཁུངས་དང་མཉམ་སྤྱོད་བྱ་དགོས། (འགན་འཁུར་ལས་ཁུངས་ནི་རིམ་པ་སོ་སོའི་ཡུལ་སྐོར་ལས་ཁུངས་ཀྱིས་སྣེ་འཁྲིད་པ་དང་། རིན་གོང་གཙོ་གཉེར་ལས་ཁུངས་དང་བཟོ་ཚོང་སྲིད་འཛིན་དོ་དམ་ལས་ཁུངས་ཀྱིས་གཞོགས་འདེགས་བྱེད་རྒྱུ་ཡིན།)

བཅུ། མཉམ་འགུལ་མཐུན་སྦྱོར་རྐྱེན་སྲོལ་འཐུས་ཚང་དུ་འཛུགས་དགོས། རིན་གོང་དང་བཟོ་ཚོང(ཚོང་རའི་ལྟ་སྐུལ་དོ་དམ)། སྤྱི་བདེ། ཡུལ་སྐོར་སོགས་ལས་ཁུངས་ཀྱིས་མཉམ་འགུལ་མཐུན་སྦྱོར་ཇེ་དྲག་ཏུ་བཏང་ནས། སོ་སོའི་ལས་འགན་གསལ་བོ་དང་མཉམ་འཛིན་མཉམ་གཉེར། ཚོར་སྣང་མྱུར་བ་བཅས་ཀྱི་བྱ་བའི་མཉམ་ཤུགས་གྲུབ་པར་བྱས་ཏེ། ཡུལ་སྐོར་རིན་གོང་གི་ལྟ་སྐུལ་དོ་དམ་དང་གླེང་ཕྱོགས་དོ་དམ་ཚོད་འཛིན་ཇེ་དྲག་ཏུ་གཏང་དགོས། ཡུལ་སྐོར་རིན་གོང་ལྟ་སྐུལ་དོ་དམ་མ་འདང་བས་ལྡོག་ཕྱོགས་ཀྱི་ཤུགས་རྐྱེན་ངན་པ་ཚབས་ཆེན་བཟོས་པར། འབྲེལ་ཡོད་ལས་ཁུངས་ཀྱི་འགན་འཁྲི་འདྲི་རྩད་ནན་མོ་བྱ་དགོས། (འགན་འཁུར་ལས་ཁུངས་ནི་རིམ་པ་སོ་སོའི་སྲིད་གཞུང་གིས་སྣེ་འཁྲིད་པ་དང་། རིན་གོང་གཙོ་གཉེར་ལས་ཁུངས་དང་སྤྱི་བདེ་ལས་ཁུངས། བཟོ་ཚོང་སྲིད་འཛིན་དོ་དམ་ལས་ཁུངས། ཡུལ་སྐོར་དོ་དམ་ལས་ཁུངས་བཅས་ཀྱིས་ལས་བགོས་འགན་འཁུར་རྒྱུ་ཡིན།)

བྱེད་ཐབས་འདི་དཔར་འགྲེམ་བྱས་ཉིན་ནས་བཟུང་ལག་བསྟར་བྱ་དགོས།