མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་ལས་ཐིན་གྱིས་མཚོ་སྔོན་ཞིང་ཆེན་གྱི་ཕྱུགས་བྱ་བཤའ་བར་དོ་དམ་བྱེད་ཐབས་དཔར་འགྲེམ་བྱས་པའི་སྐོར་གྱི་བརྡ་སྦྱོར།

མཚོ་སྲིད་གཞུང་ལས་ཐིན〔2018〕ཨང94བ།

གྲོང་ཁྱེར་དང་རང་སྐྱོང་ཁུལ་སོ་སོའི་མི་དམངས་སྲིད་གཞུང་དང་། ཞིང་ཆེན་སྲིད་གཞུང་གི་ཨུ་ཡོན་ལྷན་ཁང་དང་གཞུང་ལས་ཁང་། ཐིན། ཅུས་སོ་སོ་བཅས་ལ།


《མཚོ་སྔོན་ཞིང་ཆེན་གྱི་ཕྱུགས་བྱ་བཤའ་བར་དོ་དམ་བྱེད་ཐབས》ལ་ཞིང་ཆེན་སྲིད་གཞུང་ཡིད་འཐད་བྱུང་ཞིང་། ད་ལྟ་ཁྱོད་ཚོར་དཔར་འགྲེམ་བྱས་པ་བཞིན་ནན་ཏན་གྱིས་ལག་ལེན་མཐར་ཕྱིན་བྱ་དགོས།

མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་ལས་ཐིན་ནས།

2018ལོའི་ཟླ6པའི་ཚེས26ཉིན།


མཚོ་སྔོན་ཞིང་ཆེན་གྱི་ཕྱུགས་བྱ་བཤའ་བར་དོ་དམ་བྱེད་ཐབས།

ལེའུ་དང་པོ། སྤྱིའི་རྩ་དོན།

དོན་ཚན་དང་པོ། ཕྱུགས་བྱ་བཤའ་བར་ལྟ་སྐུལ་དོ་དམ་བྱེད་ཤུགས་ཇེ་དྲག་ཏུ་གཏོང་བ་དང་། ཕྱུགས་བྱ་བཤའ་བའི་བདག་གཉེར་བྱ་སྤྱོད་ཚད་ལྡན་དུ་གཏོང་བ། སྲོག་ཆགས་ཀྱི་རིམས་ནད་མཆེད་པར་སྔོན་འགོག་བྱས་ནས་ཕྱུགས་བྱའི་ཐོན་རྫས་ཀྱི་སྤུས་ཚད་དང་བདེ་འཇགས་ཁག་ཐེག་བྱ་ཆེད། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲོག་ཆགས་ཀྱི་རིམས་ནད་སྔོན་འགོག་བཅའ་ཁྲིམས》དང《ཕག་བཤའ་བར་དོ་དམ་བྱེད་པའི་སྲོལ་ཡིག》སོགས་འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་གཞིར་བཟུང་ཞིང་། རང་ཞིང་གི་དོན་དངོས་དང་སྦྲེལ་ཏེ་བྱེད་ཐབས་འདི་གཏན་འབེབས་བྱས་པ་ཡིན།

དོན་ཚན་གཉིས་པ། རང་ཞིང་གི་སྲིད་འཛིན་ས་ཁོངས་ནང་དུ་ཕྱུགས་བྱ་བཤའ་བའི་བྱེད་སྒོ་དང་དེར་ལྟ་སྐུལ་དོ་དམ་གྱི་བྱ་བ་གཉེར་བར་བྱེད་ཐབས་འདི་སྤྱད་འཐུས་ཡིན།

དོན་ཚན་གསུམ་པ། བྱེད་ཐབས་འདི་ལས་ཕྱུགས་བྱ་ཞེས་པ་ནི་ཕག་དང་ནོར། ལུག བྱ་སོགས་སྒོ་ཕྱུགས་དང་ཁྱིམ་བྱ་ལ་བསྟན་པ་ཡིན། བྱེད་ཐབས་འདི་ལས་ཕྱུགས་བྱའི་ཐོན་རྫས་ཟེར་བ་ནི་སྒོ་ཕྱུགས་དང་ཁྱིམ་བྱ་བཤས་རྗེས་ལས་སྣོན་མ་བྱས་པའི་ཤ་དང་ཚིལ། ནང་ཁྲོལ། ཁྲག རུས་པ། མགོ རྨིག་པ། སྡེར་མོ། གཤོག་པ། པགས་པ་སོགས་ལ་བསྟན་པ་ཡིན།

དོན་ཚན་བཞི་བ། ཞིང་ཆེན་ཡོངས་སུ་ཕྱུགས་བྱ་དམིགས་བཙུགས་ཀྱི་གནས་སུ་བཤའ་བ་དང་གཅིག་བསྡུས་ཀྱིས་རིམས་ནད་ཞིབ་བཤེར་ལམ་ལུགས་ལག་བསྟར་བྱ་དགོས། དམིགས་འཛུགས་ཀྱི་གནས་སུ་བཤའ་བའི་ཆོག་མཆན་མ་ཐོབ་ན། སྡེ་ཚན་དང་མི་སྒེར་གང་གིས་ཀྱང་ཕྱུགས་བྱ་བཤའ་བའི་བྱེད་སྒོ་གཉེར་མི་ཆོག རོང་འབྲོག་མང་ཚོགས་ཀྱིས་ཚོང་གཉེར་གྱི་ཆེད་དུ་མིན་པར་རང་གིས་བཟའ་བྱར་བཤས་པ་ཕུད།

དོན་ཚན་ལྔ་བ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་ཕྱུགས་བྱ་བཤའ་བའི་ལས་རིགས་དོ་དམ་ལས་ཁུངས་དང་ལྟ་སྐུལ་ཁྲིམས་འཛིན་དཔུང་སྡེ་གསར་འཛུགས་བྱས་ཏེ། ཕྱུགས་བྱ་བཤའ་བའི་ལས་རིགས་དོ་དམ་དང་ལྟ་སྐུལ་ཁྲིམས་འཛིན། དེ་མིན་ཕྱུགས་བྱ་བཤའ་བའི་ལས་རིགས་གོང་སྤེལ་ལ་རྒྱབ་སྐྱོར་བྱེད་པར་མཁོ་བའི་གྲོན་དངུལ་རིམ་པ་དེ་གའི་ནོར་སྲིད་སྔོན་རྩིས་ཀྱི་ནང་དུ་འགོད་དགོས།

དོན་ཚན་དྲུག་པ། ཞིང་ཆེན་ཕྱུགས་སྨན་སྲིད་འཛིན་གཙོ་གཉེར་སྡེ་ཁག་ནི་རང་ཞིང་གི་ཕྱུགས་བྱ་བཤའ་བའི་ལས་རིགས་ཀྱི་སྲིད་འཛིན་གཙོ་གཉེར་སྡེ་ཁག་ཡིན་པ་དང་། ཞིང་ཆེན་ཕྱུགས་བྱ་བཤའ་བའི་ལས་རིགས་དོ་དམ་གཞུང་ལས་ཁང་གིས་ཞིང་ཆེན་ཡོངས་ཀྱི་ཕྱུགས་བྱ་བཤའ་བའི་བྱེད་སྒོར་ལྟ་སྐུལ་དོ་དམ་བྱ་བའི་འགན་དངོས་སུ་འཁུར་དགོས།

རྫོང་རིམ་པ་ཡན་གྱི་ཕྱུགས་སྨན་སྲིད་འཛིན་གཙོ་གཉེར་སྡེ་ཁག་ནི་སྲིད་འཛིན་ས་ཁོངས་དེ་གའི་ཕྱུགས་བྱ་བཤའ་བའི་ལས་རིགས་ཀྱི་སྲིད་འཛིན་གཙོ་གཉེར་སྡེ་ཁག་ཡིན་ལ། རིམ་པ་གཅིག་པའི་ཕྱུགས་བྱ་བཤའ་བའི་ལས་རིགས་དོ་དམ་ལས་ཁུངས་ཀྱིས་སྲིད་འཛིན་ས་ཁོངས་དེ་གའི་ཕྱུགས་བྱ་བཤའ་བའི་བྱེད་སྒོར་ལྟ་སྐུལ་དོ་དམ་བྱ་བའི་འགན་དངོས་སུ་འཁུར་དགོས།

རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་བཙུགས་པའི་སྲོག་ཆགས་འཕྲོད་བསྟེན་ལྟ་སྐུལ་ལས་ཁུངས་སམ་ཞིང་ལས་ཕྱོགས་བསྡུས་ཁྲིམས་འཛིན་ལས་ཁུངས་ཀྱིས་སྲིད་འཛིན་ས་ཁོངས་དེ་གའི་ཕྱུགས་བྱ་བཤའ་བའི་བྱེད་སྒོར་ལྟ་སྐུལ་ཁྲིམས་འཛིན་བྱ་བའི་འགན་འཁུར་དགོས།

རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གི་ཁོར་ཡུག་སྲུང་སྐྱོང་དང་སྤྱི་བདེ། ཟས་རིགས་སྨན་རྫས་ལྟ་སྐུལ། འཕྲོད་བསྟེན་དང་འཆར་ལྡན་བུ་སྐྱེ། ཁྲོམ་རར་ལྟ་སྐུལ་དོ་དམ། ཚོང་དོན། སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན། བདེ་འཇགས་ཐོན་སྐྱེད། མི་རིགས་ཆོས་ལུགས་སོགས་འབྲེལ་ཡོད་སྡེ་ཁག་གིས་རང་རང་གི་འགན་འཁྲི་ལྟར་ཕྱུགས་བྱ་བཤའ་བའི་བྱེད་སྒོ་དང་འབྲེལ་ཡོད་ཀྱི་དོ་དམ་བྱ་བའི་འགན་འཁུར་དགོས།

ཤང(རྡལ)མི་དམངས་སྲིད་གཞུང་དང་སྲང་ལམ་དོན་སྒྲུབ་ཁང་གིས་རམ་འདེགས་བྱས་ནས་ཕྱུགས་བྱ་བཤའ་བར་ལྟ་སྐུལ་དོ་དམ་བྱ་བ་ལེགས་སྒྲུབ་བྱ་དགོས།

དོན་ཚན་བདུན་པ། ཞིང་ཆེན་ཕྱུགས་སྨན་སྲིད་འཛིན་གཙོ་གཉེར་སྡེ་ཁག་གིས་གོང་སྤེལ་བཅོས་སྒྱུར་དང་ཁོར་ཡུག་སྲུང་སྐྱོང་། སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་སོགས་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་བཀོད་སྒྲིག་བྱེད་ཚུལ་ལུགས་དང་མཐུན་ཞིང་འཁོར་རྒྱུག་ལ་ཕན་པ་དང་མང་ཚོགས་ལ་སྟབས་བདེ་བཟོ་བའི་རྩ་དོན་ལྟར། ཞིང་ཆེན་གྱི་དོན་དངོས་གཞིར་བཟུང་སྟེ་ཕྱུགས་བྱ་བཤའ་བའི་ལས་རིགས་གོང་སྤེལ་འཆར་གཞི་བཟོ་འགོད་བྱས་ནས། ཞིང་ཆེན་མི་དམངས་སྲིད་གཞུང་ལ་ཞུ་འབུལ་བྱས་ཏེ་ཆོག་མཆན་བཀོད་རྗེས་ལག་བསྟར་བྱ་དགོས། གྲོང་ཁྱེར(ཁུལ)དང་རྫོང་རིམ་པའི་ཕྱུགས་སྨན་སྲིད་འཛིན་གཙོ་གཉེར་སྡེ་ཁག་གིས་ཞིང་ཆེན་གྱི་གོང་སྤེལ་འཆར་གཞིའི་བླང་བྱ་ལྟར་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཆར་གཞི་དང་ཁྲོམ་རའི་འཛད་སྤྱོད། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་། གྲོང་གསེབ་དར་སྤེལ། ཐོན་ལས་དབུལ་སྐྱོར། གསོ་སྤེལ་གཞི་ཁྱོན། འགྲིམ་འགྲུལ་སྐྱེལ་འདྲེན་གནས་ཚུལ་སོགས་རྒྱུ་རྐྱེན་དང་འཚམ་པའི་ཕྱུགས་བྱ་བཤའ་བའི་ལས་རིགས་གོང་སྤེལ་འཆར་གཞི་བཟོ་འགོད་བྱས་ནས། རིམ་པ་དེ་གའི་མི་དམངས་སྲིད་གཞུང་ལ་ཞུས་ཏེ་ཆོག་མཆན་བཀོད་རྗེས་ལག་ཏུ་བསྟར་དགོས་པ་མ་ཟད། རིམ་པ་གོང་མའི་ཕྱུགས་སྨན་སྲིད་འཛིན་གཙོ་གཉེར་སྡེ་ཁག་ལ་ཞུས་ཏེ་ཐོ་འགོད་བྱ་དགོས།

དོན་ཚན་བརྒྱད་པ། དམིགས་བཙུགས་ཀྱི་ཕྱུགས་བྱ་བཤས་ར(གནས)ཡིས་ཕྱུགས་བྱ་བཤའ་བའི་བྱེད་སྒོ་དང་ཕྱུགས་བྱའི་ཐོན་རྫས་ཀྱི་སྤུས་ཚད་ལ་འགན་འཁུར་དགོས་པ་དང་། བཅའ་ཁྲིམས་ཁྲིམས་སྲོལ་དང་ཚད་གཞི་ལྟར་ཕྱུགས་བྱ་བཤའ་བའི་བྱེད་སྒོ་སྤེལ་ཏེ། ཕྱུགས་བྱའི་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་དང་སྐྱེ་ཁམས་ཁོར་ཡུག་བདེ་འཇགས་ལ་ཁག་ཐེག་བྱ་དགོས།

དོན་ཚན་དགུ་བ། དམིགས་བཙུགས་ཀྱི་ཕྱུགས་བྱ་བཤའ་བའི་ཁེ་ལས་ཀྱིས་ཐོན་ལས་མུ་འབྲེལ་བསྲིངས་ནས་གསོ་སྤེལ་དང་བཤའ་བ། ལས་སྣོན། སྡེབ་སྐྱེལ། ཕྱིར་འཚོང་བཅས་གཞི་གཅིག་ཅན་གྱི་བདག་གཉེར་ལག་བསྟར་བྱས་ཏེ། འཕྲུལ་ཆས་ཅན་དང་གཞི་ཁྱོན་ཅན། ཚད་གཞི་ཅན། མིང་གྲགས་ཅན། ཆ་འཕྲིན་ཅན་བཅས་ཀྱི་ཕྱོགས་སུ་འཕེལ་རྒྱས་གཏོང་བར་སྐུལ་བསྟོད་བྱ་དགོས།

དོན་ཚན་བཅུ་བ། དམིགས་བཙུགས་ཀྱི་ཕྱུགས་བྱ་བཤའ་བའི་ཁེ་ལས་དང་ཕྱུགས་བྱའི་ཐོན་རྫས་བདག་གཉེར་བྱེད་མཁན་གྱིས་རང་མོས་ཀྱི་རྨང་གཞིའི་ཐོག་ཆེད་ལས་ཅན་གྱི་ལས་རིགས་རྩ་འཛུགས་ཁྲིམས་ལྟར་བཙུགས་ཏེ། མཐུན་སྦྱོར་དང་རང་གཅུན་གྱི་ནུས་པ་འདོན་སྤེལ་བྱེད་པར་སྐུལ་བསྟོད་བྱ་དགོས།

ལེའུ་གཉིས་པ། དམིགས་བཙུགས་ཀྱི་ཕྱུགས་བྱ་བཤས་ར(གནས)འཛུགས་པའི་སྐོར།

དོན་ཚན་བཅུ་གཅིག་པ། དམིགས་བཙུགས་ཀྱི་ཕྱུགས་བྱ་བཤས་རར་གཤམ་གསལ་གྱི་ཆ་རྐྱེན་འཛོམ་དགོས་ཏེ།

(གཅིག)《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲོག་ཆགས་ཀྱི་རིམས་ནད་སྔོན་འགོག་བཅའ་ཁྲིམས》དང《སྲོག་ཆགས་ཀྱི་རིམས་ནད་སྔོན་འགོག་ཆ་རྐྱེན་ལ་ཞིབ་བཤེར་བྱེད་ཐབས》ཀྱི་གཏན་འབེབས་དང་མཐུན་པ།

(གཉིས།)རྒྱལ་ཁབ་ཀྱིས་གཏན་འབེབས་བྱས་པའི་ཚད་གཞི་དང་མཐུན་པའི་ཆུ་སྤུས་ཅན་གྱི་ཆུ་ཁུངས་ཆ་རྐྱེན་ལྡན་པ།

(གསུམ།)རྒྱལ་ཁབ་ཀྱི་ཚད་གཞི་ལས་གཏན་ལ་ཕབ་པའི་བླང་བྱ་དང་མཐུན་པའི་སྟ་གོན་བཤའ་ཁང་དང་མྱུར་བཤའ་ཁང་། བཤའ་ཁང་། ལོགས་དགར་ལྷས་ར། རིམས་ནད་ཞིབ་བཤེར་ཁང་སོགས་སྒྲིག་བཀོད་དང་ཕྱུགས་བྱ་བཤའ་བའི་སྒྲིག་ཆས། རིམས་ནད་ཞིབ་བཤེར་སྒྲིག་ཆས། གཙང་འཁྲུད་དང་དུག་སེལ། འཁྱགས་ཉར་སྒྲིག་ཆས། སྐྱེལ་འདྲེན་ཡོ་བྱད་བཅས་ཡོད་པ།

(བཞི།)བཙོག་ཆུ་དང་གཅིན་རྟུག ནད་ཀྱིས་ཤི་བའི་ཕྱུགས་བྱ་དང་ནད་ཀྱི་གནོད་པ་ཡོད་པའི་ཐོན་རྫས་སོགས་བེད་མེད་སྙིགས་རོ་ཐག་གཅོད་སྒྲིག་ཆས་བླང་བྱ་ལྟར་འཛུགས་སྐྲུན་བྱས་ཡོད་པ་དང་། སྙིགས་ཆུ་དང་རླངས་རོ། འཛེར་སྒྲ་སོགས་འབག་བཙོག་དངོས་པོ་དེ་རྒྱལ་ཁབ་དང་ས་གནས་ཀྱི་ཁོར་ཡུག་སྲུང་སྐྱོང་དང་འབག་བཙོག་དངོས་པོ་འཕུད་སྐྱུར་ཚད་གཞི་དང་མཐུན་པའི་སྒོ་ནས་འཕུད་པ་དང་། འཕུད་སྐྱུར་གྱི་གནས་དེ་ས་ཁོངས་ཁོར་ཡུག་དོ་དམ་བླང་བྱ་དང་མཐུན་པར་གདམ་དགོས། ཁྲིམས་ལྟར་ཁོར་ཡུག་ལ་ཐེབས་སྲིད་པའི་ཤུགས་རྐྱེན་ལ་གདེང་འཇོག་བྱ་དགོས་པ་མ་ཟད། ཁོར་ཡུག་སྲུང་སྐྱོང་སྡེ་ཁག་གི་བཙོག་འཕུད་ཆོག་འཐུས་ཐོབ་ཡོད་པ།

(ལྔ།)འཐུས་སྒོ་ཚང་བའི་བདེ་འཇགས་ཐོན་སྐྱེད་དོ་དམ་ལམ་ལུགས་ལྡན་པ་དང་། བདེ་འཇགས་ཐོན་སྐྱེད་ལྟ་སྐུལ་དོ་དམ་སྡེ་ཁག་གི་ཆོག་འཐུས་བླང་བྱ་དང་མཐུན་པ་མ་ཟད། བླང་བྱ་དང་འཚམ་པའི་མི་སྣའི་འགོག་སྲུང་མཁོ་ཆས་དང་སྒྲིག་བཀོད། སྒྲིག་ཆས་བཅས་སྒྲིག་སྦྱོར་བྱས་ཡོད་པ།

(དྲུག)དཔྱད་ཞིབ་བྱས་ཏེ་ཚད་ལོན་པའི་ཤ་རིགས་ཀྱི་སྤུས་ཚད་ཞིབ་བཤེར་མི་སྣ་ཡོད་ཅིང་། ལས་རྐང་གི་བླང་བྱ་དང་མཐུན་པའི་ལག་རྩལ་མི་སྣ་རིགས་སྣ་ཚོགས་ཡོད་པ་མ་ཟད། ཁྲིམས་ལྟར་བདེ་ཐང་གི་དཔང་ཡིག་བླངས་ཡོད་པ།

(བདུན།)བཅའ་ཁྲིམས་ཁྲིམས་སྲོལ་ལས་གཏན་འབེབས་བྱས་པའི་ཆ་རྐྱེན་གཞན་དག་བཅས་ཡིན།

ཚན་པ་གཉིས་པ་ནས་དྲུག་པའི་ནང་བཀོད་པའི་ཆ་རྐྱེན་དེ་ཕྱུགས་བྱ་བཤའ་བའི་གཞི་ཁྱོན་དང་འཚམ་དགོས།

དོན་ཚན་བཅུ་གཉིས་པ། དམིགས་བཙུགས་ཀྱི་ཕྱུགས་བྱ་བཤས་རས་སྡེབ་སྐྱེལ་བྱེད་མི་ཐུབ་པའི་རྒྱང་རིང་མཐའ་འཁོབ་ཏུ་གནས་ཤིང་འགྲིམ་འགྲུལ་སྟབས་མི་བདེ་བའི་ཞིང་སྡེ་འབྲོག་ཁུལ་དུ། ས་གནས་དེ་ག་ཁོ་ནར་ཤ་རིགས་མཁོ་འདོན་བྱེད་པའི་དམིགས་བཙུགས་ཀྱི་ཕྱུགས་བྱ་བཤའ་གནས་ཆུང་གྲས་བཙུགས་ཆོག དེའི་ཕྱུགས་བྱའི་ཐོན་རྫས་གྲོང་ཁྱེར(ཁུལ)མི་དམངས་སྲིད་གཞུང་གིས་གཏན་ལ་ཕབ་པའི་ས་ཁོངས་ཁོ་ན་ལས་གཞན་པར་བཙོང་མི་ཆོག དམིགས་བཙུགས་ཀྱི་ཕྱུགས་བྱ་བཤའ་གནས་ཆུང་གྲས་ལ་གཤམ་གསལ་གྱི་ཆ་རྐྱེན་འཛོམ་དགོས་ཏེ།

(གཅིག)སྲོག་ཆགས་ཀྱི་རིམས་འགོག་ཆ་རྐྱེན་འཛོམས་པའི་ཚད་མཐུན་ལག་ཁྱེར་ཁྲིམས་ལྟར་བླངས་ཡོད་པ།

(གཉིས།)སྟ་གོན་བཤའ་ཁང་དང་བཤའ་ཁང་། མྱུར་བཤའ་ཁང་བཅས་དང་བཤའ་སྤྱད་ཡོ་བྱད་ཡོད་པ།

(གསུམ།) དཔྱད་ཞིབ་བྱས་ཏེ་ཚད་ལོན་པའི་ཤ་རིགས་ཀྱི་སྤུས་ཚད་ཞིབ་བཤེར་མི་སྣ་ཡོད་པ།

(བཞི།)ཁོར་ཡུག་སྲུང་སྐྱོང་གི་བླང་བྱ་དང་མཐུན་པའི་འབག་བཙོག་འགོག་བཅོས་སྒྲིག་ཆས་ལྡན་པ།

(ལྔ།)ནད་ཀྱི་གནོད་པ་ཐེབས་པའི་ཕྱུགས་བྱ་དང་དེའི་ཐོན་རྫས་གནོད་མེད་ཅན་དུ་ཐག་གཅོད་བྱེད་ནུས་ལྡན་པ་བཅས་ཡིན།

དོན་ཚན་བཅུ་གསུམ་པ། དམིགས་བཙུགས་ཀྱི་ཕྱུགས་བྱ་བཤས་ར(གནས)གསར་སྐྲུན་དང་སྒྱུར་སྐྲུན། རྒྱས་སྐྲུན་བྱེད་པར། རེ་འདུན་ཞུ་མཁན་གྱིས་རང་ཉིད་གནས་སའི་རྫོང་རིམ་པའི་ཕྱུགས་སྨན་སྲིད་འཛིན་གཙོ་གཉེར་སྡེ་ཁག་ལ་ཡིག་ཐོག་ནས་རེ་འདུན་ཞུ་དགོས་པ་མ་ཟད། དོན་ཚན་བཅུ་གཅིག་པའམ་བཅུ་གཉིས་པ་ལས་གཏན་ལ་ཕབ་པའི་འབྲེལ་ཡོད་དཔྱད་གཞི་དང་གསལ་བཤད་ཡིག་ཆ། འཛུགས་སྐྲུན་ཇུས་གཞི་བཅས་འདོན་སྤྲོད་བྱ་དགོས།

དོན་ཚན་བཅུ་བཞི་བ། རྫོང་རིམ་པའི་ཕྱུགས་སྨན་སྲིད་འཛིན་གཙོ་གཉེར་སྡེ་ཁག་གིས་རེ་འདུན་ཞུ་ཡིག་དང་འབྲེལ་ཡོད་དཔང་ཡིག་བདག་སྤྲོད་བྱས་ཉིན་ནས་བྱ་བའི་ཉིན10ཡི་ནང་དུ་ཁོར་ཡུག་སྲུང་སྐྱོང་དང་། སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་སོགས་སྡེ་ཁག་དང་མཉམ་འབྲེལ་སྒོས་འབྲེལ་ཡོད་གཏན་འབེབས་དང་ཚད་གཞི་ལྟར་ཞིབ་བཤེར་བྱས་ཏེ་ཐོག་མའི་ཞིབ་བཤེར་བསམ་འཆར་འདོན་པ་དང་། བླང་བྱ་དང་མཐུན་པ་དག་གྲོང་ཁྱེར(ཁུལ)ཕྱུགས་སྨན་སྲིད་འཛིན་གཙོ་གཉེར་སྡེ་ཁག་ལ་ཞུ་འབུལ་བྱ་དགོས། བླང་བྱ་དང་མི་མཐུན་ན་རེ་འདུན་ཞུ་མཁན་ལ་ཐེངས་གཅིག་གིས་ཡིག་ཐོག་ནས་ལན་སྤྲོད་དགོས།

དོན་ཚན་བཅོ་ལྔ་བ། གྲོང་ཁྱེར(ཁུལ)ཕྱུགས་སྨན་སྲིད་འཛིན་གཙོ་གཉེར་སྡེ་ཁག་གིས་རེ་འདུན་ཞུ་ཡིག་དང་འབྲེལ་ཡོད་དཔང་ཡིག རྫོང་རིམ་པའི་ཕྱུགས་སྨན་སྲིད་འཛིན་གཙོ་གཉེར་སྡེ་ཁག་གི་ཐོག་མའི་བསམ་འཆར་བཅས་བདག་སྤྲོད་བྱས་ཉིན་ནས་བྱ་བའི་ཉིན10ཡི་ནང་དུ་ཁོར་ཡུག་སྲུང་སྐྱོང་དང་། སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་སོགས་སྡེ་ཁག་དང་མཉམ་འབྲེལ་སྒོས་འབྲེལ་ཡོད་གཏན་འབེབས་དང་ཚད་གཞི། དེ་མིན་ས་གནས་དེ་གའི་ཕྱུགས་བྱ་བཤའ་བའི་ལས་རིགས་གོང་སྤེལ་འཆར་གཞི་ལྟར་ཞིབ་བཤེར་བྱས་ནས་བསམ་འཆར་འདོན་པ་དང་། བླང་བྱ་དང་མཐུན་པ་དག་ལ་ཞིང་ཆེན་ཕྱུགས་སྨན་སྲིད་འཛིན་གཙོ་གཉེར་སྡེ་ཁག་གི་བསམ་འཆར་བསྡུ་ལེན་བྱ་དགོས། བསམ་འཆར་གཏན་འཁེལ་བྱས་རྗེས་ཀྱི་བྱ་བའི་ཉིན3གྱི་ནང་དུ་གྲོང་ཁྱེར(ཁུལ)མི་དམངས་སྲིད་གཞུང་ལ་འཛུགས་སྐྲུན་བྱེད་པར་འཐད་མིན་ཐག་གཅད་རྒྱུར་ཞུ་དགོས་པ་མ་ཟད། ཐག་བཅད་པའི་འབྲས་བུ་དེ་རེ་འདུན་ཞུ་མཁན་ལ་ཡིག་ཐོག་ནས་ལན་སྤྲོད་དགོས། འཐད་པ་མ་བྱུང་ན་རེ་འདུན་ཞུ་མཁན་ལ་ཡིག་ཐོག་ནས་བརྡ་སྦྱོར་གཏང་དགོས་པ་མ་ཟད་རྒྱུ་མཚན་གསལ་བོར་བཤད་དགོས།

དོན་ཚན་བཅུ་དྲུག་པ། རེ་འདུན་ཞུ་མཁན་ལ་གྲོང་ཁྱེར(ཁུལ)མི་དམངས་སྲིད་གཞུང་འཛུགས་སྐྲུན་བྱེད་པར་འཐད་པའི་ཆོད་དོན་འབྱོར་རྗེས། ཁྲོམ་རར་ལྟ་སྐུལ་དོ་དམ་དང་ཁོར་ཡུག་སྲུང་སྐྱོང། གོང་སྤེལ་བཅོས་སྒྱུར། སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་སོགས་སྡེ་ཁག་ཏུ་འབྲེལ་ཡོད་འགྲོ་ལུགས་བསྒྲུབས་རྗེས་ད་གཟོད་འཛུགས་སྐྲུན་བྱེད་མགོ་བརྩམ་ཆོག འཛུགས་སྐྲུན་བྱེད་སྐབས་ངེས་པར་དུ་གཞི་རྩའི་འཛུགས་སྐྲུན་ལས་གཞིའི་ལས་རིམ་ལྟར་ལག་བསྟར་བྱ་དགོས།

དོན་ཚན་བཅུ་བདུན་པ། དམིགས་བཙུགས་ཀྱི་ཕྱུགས་བྱ་བཤས་ར(གནས)གསར་སྐྲུན་དང་སྒྱུར་སྐྲུན། རྒྱས་སྐྲུན་བྱས་ནས་འགྲུབ་རྗེས། རྫོང་རིམ་པའི་ཕྱུགས་སྨན་སྲིད་འཛིན་གཙོ་གཉེར་སྡེ་ཁག་ལ་ཨར་ལས་འགྲུབ་པར་ཞིབ་བཤེར་རྩིས་ལེན་གྱི་རེ་འདུན་ཡིག་ཐོག་ནས་ཞུ་དགོས་པ་མ་ཟད། འབྲེལ་ཡོད་ཞིབ་བཤེར་རྩིས་ལེན་གྱི་དཔྱད་གཞི་འདོན་སྤྲོད་བྱ་དགོས། རྫོང་རིམ་པའི་ཕྱུགས་སྨན་སྲིད་འཛིན་གཙོ་གཉེར་སྡེ་ཁག་གིས་ཞིབ་བཤེར་རྩིས་ལེན་གྱི་རེ་འདུན་བདག་སྤྲོད་བྱས་ཉིན་ནས་བྱ་བའི་ཉིན3གྱི་ནང་དུ་གྲོང་ཁྱེར(ཁུལ)ཕྱུགས་སྨན་སྲིད་འཛིན་གཙོ་གཉེར་སྡེ་ཁག་ལ་ཞུ་སྐྱེལ་བྱས་ཏེ་ཞིབ་བཤེར་རྩིས་ལེན་བྱ་དགོས།

དོན་ཚན་བཅོ་བརྒྱད་པ། གྲོང་ཁྱེར(ཁུལ)ཕྱུགས་སྨན་སྲིད་འཛིན་གཙོ་གཉེར་སྡེ་ཁག་གིས་ཞིབ་བཤེར་རྩིས་ལེན་གྱི་རེ་འདུན་བདག་སྤྲོད་བྱས་ཉིན་ནས་བྱ་བའི་ཉིན10ཡི་ནང་དུ་ཁོར་ཡུག་སྲུང་སྐྱོང་དང་། སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་སོགས་སྡེ་ཁག་དང་མཉམ་འབྲེལ་སྒོས་ཡུལ་དངོས་སུ་ཞིབ་བཤེར་རྩིས་ལེན་བྱ་དགོས། ཞིབ་བཤེར་རྩིས་ལེན་བྱས་པ་བླང་བྱ་དང་མཐུན་ཞིང་སྤྱི་བསྒྲགས་བྱས་ནས་བསམ་འཆར་ཡང་མེད་པའི་ཞིབ་བཤེར་རྩིས་ལེན་གྱི་སྙན་ཞུ་དེ། གྲོང་ཁྱེར(ཁུལ)མི་དམངས་སྲིད་གཞུང་ལ་ཕུལ་ནས་ཆོག་མཆན་བཀོད་དེ་དཔང་ཡིག་སྟེར་བར་སྒུག་དགོས། བླང་བྱ་དང་མི་མཐུན་ན་དག་ཐེར་ལེགས་བཅོས་ཀྱི་བསམ་འཆར་འདོན་པ་མ་ཟད། དེས་དག་ཐེར་ལེགས་བཅོས་བྱས་རྗེས་ཡང་བསྐྱར་ཞིབ་བཤེར་རྩིས་ལེན་བྱ་དགོས།

དོན་ཚན་བཅུ་དགུ་བ། གྲོང་ཁྱེར(ཁུལ)མི་དམངས་སྲིད་གཞུང་གིས་ཞིབ་བཤེར་རྩིས་ལེན་གྱི་སྙན་ཞུ་འབྱོར་ཉིན་ནས་བྱ་བའི་ཉིན5ཡི་ནང་དུ། དམིགས་བཙུགས་ཀྱི་གནས་སུ་ཕྱུགས་བྱ་བཤའ་བའི་ཆོག་འཐུས་ལག་ཁྱེར་དང་མཚོན་རྟགས་བྱང་བུ་སྟེར་བར་འཐད་པའི་མཆན་བཀོད་ཡིག་ཆ་འོག་རིམ་ལ་ཁྱབ་བསྒྲགས་བྱ་དགོས། མཆན་བཀོད་ཡིག་ཆ་འོག་རིམ་ལ་ཁྱབ་བསྒྲགས་བྱས་རྗེས། གྲོང་ཁྱེར(ཁུལ)ཕྱུགས་སྨན་སྲིད་འཛིན་གཙོ་གཉེར་སྡེ་ཁག་གིས་གྲོང་ཁྱེར(ཁུལ)མི་དམངས་སྲིད་གཞུང་གི་ཚབ་བྱས་ནས་སྤྱི་ཚོགས་སུ་ཞིབ་མཆན་བཀོད་པའི་འབྲས་བུ་ཡོངས་བསྒྲགས་བྱ་དགོས་པ་མ་ཟད། གྲོང་ཁྱེར(ཁུལ)མི་དམངས་སྲིད་གཞུང་གིས་ཆོག་མཆན་བཀོད་པའི་ཡིག་ཆ་དང་འབྲེལ་ཡོད་ཞིབ་བཤེར་རྩིས་ལེན་གྱི་དཔྱད་གཞི་དེ་ཞིང་ཆེན་ཕྱུགས་སྨན་སྲིད་འཛིན་གཙོ་གཉེར་སྡེ་ཁག་ལ་སྙན་སེང་ཐོ་འགོད་བྱེད་པར་འབུལ་དགོས།

ཞིང་ཆེན་ཕྱུགས་སྨན་སྲིད་འཛིན་གཙོ་གཉེར་སྡེ་ཁག་གིས་གྲོང་ཁྱེར(ཁུལ)ཕྱུགས་སྨན་སྲིད་འཛིན་གཙོ་གཉེར་སྡེ་ཁག་གི་སྙན་སེང་ཐོ་འགོད་ཀྱི་རེ་འདུན་ཞུ་ཡིག་དང་འབྲེལ་ཡོད་དཔྱད་གཞི་འབྱོར་ཉིན་ནས་བྱ་བའི་ཉིན5ཡི་ནང་དུ་གཅིག་གྱུར་གྱིས་ཨང་རྟགས་བསྒྲིགས་ནས་སྙན་སེང་ཐོ་འགོད་བྱ་དགོས། སྙན་སེང་ཐོ་འགོད་བྱས་རྗེས་གྲོང་ཁྱེར(ཁུལ)མི་དམངས་སྲིད་གཞུང་གིས་དམིགས་བཙུགས་ཀྱི་གནས་སུ་ཕྱུགས་བྱ་བཤའ་བའི་ཆོག་འཐུས་ལག་ཁྱེར་དང་མཚོན་རྟགས་བྱང་བུ་སྟེར་དགོས།

དོན་ཚན་ཉི་ཤུ་བ། དམིགས་བཙུགས་ཀྱི་ཕྱུགས་བྱ་བཤས་ར(གནས)ཡིས་སྡོད་གནས་ དང་བཤའ་བྱའི་ཕྱུགས་རྒྱུད་སྒྱུར་བ་དང་། སྒྱུར་སྐྲུན་རྒྱས་སྐྲུན་བྱས་ནས་རྒྱ་ཁྱོན་ལ་འགྱུར་ལྡོག་བྱུང་ཚད་དེ་སྔ་སྙན་སེང་ཐོ་འགོད་བྱས་པའི་གྲངས་ཀའི50%ཡན་ལས་བརྒལ་ན། བྱེད་ཐབས་འདིའི་གཏན་འབེབས་ལྟར་དམིགས་བཙུགས་ཀྱི་ཕྱུགས་བྱ་བཤའ་བའི་ཆོག་འཐུས་གནང་བར་ཡང་བསྐྱར་རེ་འདུན་ཞུ་དགོས།

དོན་ཚན་ཉེར་གཅིག་པ། དམིགས་བཙུགས་ཀྱི་ཕྱུགས་བྱ་བཤས་ར(གནས)ཡིས་མིང་དང་ཁྲིམས་བཀོད་འཐུས་ཚབ་པ་བསྒྱུར་དགོས་ན། བདག་གཉེར་མཁན་གྱི་ཐོབ་ཐང་ཡང་བསྐྱར་བླངས་པའི་ཉིན་ནས་བྱ་བའི་ཉིན10ཡི་ནང་དུ་རྫོང་རིམ་པའི་ཕྱུགས་སྨན་སྲིད་འཛིན་གཙོ་གཉེར་སྡེ་ཁག་ལ་ཞུ་འབུལ་བྱ་དགོས་པ་མ་ཟད། བསྒྱུར་བའི་གནས་ཚུལ་རིམ་པ་བཞིན་དུ་གོང་རིམ་ལ་ཞུ་བ་དང་། ཞིང་ཆེན་ཕྱུགས་སྨན་སྲིད་འཛིན་གཙོ་གཉེར་སྡེ་ཁག་ཏུ་སྙན་སེང་ཐོ་འགོད་བྱས་རྗེས། གྲོང་ཁྱེར(ཁུལ)མི་དམངས་སྲིད་གཞུང་གིས་ཡང་བསྐྱར་དམིགས་བཙུགས་ཀྱི་གནས་སུ་ཕྱུགས་བྱ་བཤའ་བའི་ཆོག་འཐུས་ལག་ཁྱེར་སྟེར་དགོས།

དོན་ཚན་ཉེར་གཉིས་པ། དམིགས་བཙུགས་ཀྱི་ཕྱུགས་བྱ་བཤས་ར(གནས)ཡིས་ཚོད་དཔག་ལྟར་ན་ཉིན30ཡན་ལ་ལས་གཉེར་མཚམས་འཇོག་པའམ་གནས་སྐབས་སུ་མཚམས་འཇོག་རྒྱུ་ཡིན་ན། ལས་གཉེར་མཚམས་བཞག་པའམ་གནས་སྐབས་སུ་མཚམས་བཞག་པའི་ཉིན་ནས་བཟུང་ཉིན10ཡི་ནང་དུ་རང་གནས་སའི་རྫོང་རིམ་པའི་ཕྱུགས་སྨན་སྲིད་འཛིན་གཙོ་གཉེར་སྡེ་ཁག་ལ་ཞུ་འབུལ་བྱ་དགོས། ལས་གཉེར་མཚམས་བཞག་ནས་ཉིན180ཡན་ཆད་ལས་བརྒལ་ན། རྫོང་རིམ་པའི་ཕྱུགས་སྨན་སྲིད་འཛིན་གཙོ་གཉེར་སྡེ་ཁག་གིས་གྲོང་ཁྱེར(ཁུལ)ཕྱུགས་སྨན་སྲིད་འཛིན་གཙོ་གཉེར་སྡེ་ཁག་ལ་བྱེད་ཐབས་འདི་ལས་གཏན་ལ་ཕབ་པའི་ཆ་རྐྱེན་དང་མཐུན་མིན་ཞིབ་བཤེར་བྱེད་པའི་རེ་བ་ཞུ་དགོས། ལས་གཉེར་མཚམས་བཞག་ནས་ལོ་གཅིག་ལས་བརྒལ་ན། རྫོང་རིམ་པའི་ཕྱུགས་སྨན་སྲིད་འཛིན་གཙོ་གཉེར་སྡེ་ཁག་གིས་དུས་ཐོག་ཏུ་གྲོང་ཁྱེར(ཁུལ)ཕྱུགས་སྨན་སྲིད་འཛིན་གཙོ་གཉེར་སྡེ་ཁག་ལ་ཞུ་འབུལ་བྱ་དགོས་པ་དང་། གྲོང་ཁྱེར(ཁུལ)ཕྱུགས་སྨན་སྲིད་འཛིན་གཙོ་གཉེར་སྡེ་ཁག་གིས་གྲོང་ཁྱེར(ཁུལ)མི་དམངས་སྲིད་གཞུང་ལ་དེའི་དམིགས་བཙུགས་ཀྱི་བཤས་རའི(གནས)ཐོབ་ཐང་མེད་པར་བཟོ་བའི་རེ་བ་ཞུ་དགོས།

ལེའུ་གསུམ་པ། དམིགས་བཙུགས་ཀྱི་གནས་སུ་ཕྱུགས་བྱ་བཤའ་བའི་

ལག་ཁྱེར་དང་ཐམ་ག མཚོན་རྟགས་བཅས་ཀྱི་དོ་དམ།

དོན་ཚན་ཉེར་གསུམ་པ། དམིགས་བཙུགས་ཀྱི་གནས་སུ་ཕྱུགས་བྱ་བཤའ་བའི་ལག་ཁྱེར་དང་ཐམ་ག མཚོན་རྟགས་བཅས་ཀྱི་ནང་དུ་དམིགས་བཙུགས་ཀྱི་གནས་སུ་ཕྱུགས་བྱ་བཤའ་བའི་ལག་ཁྱེར་དང་མཚོན་རྟགས་བྱང་བུ། རིམས་ནད་ཞིབ་བཤེར་བྱས་པའི་ཐམ་ག རིམས་ནད་ཞིབ་བཤེར་བྱས་པའི་ཚད་མཐུན་དཔང་ཡིག ཤ་རིགས་ཀྱི་སྤུས་ཚད་ཞིབ་བཤེར་བྱས་པའི་ཚད་ལོན་དཔང་ཡིག ཤ་རིགས་ཀྱི་སྤུས་ཚད་ཞིབ་བཤེར་བྱས་པའི་ཚད་ལོན་མཚོན་རྟགས(རྟགས་བྱང)། སོན་ཕྱུགས། ཕྱ་བྱེད་འཕྱིས་པའི་ཕྱུགས་ཤའི་མཚོན་རྟགས། གནོད་མེད་ཅན་དུ་བསྒྱུར་བ་མཚོན་པའི་ཐམ་ག་བཅས་འདུས་ཡོད།

དོན་ཚན་ཉེར་བཞི་བ། རྫོང་རིམ་པ་ཡན་གྱི་ཕྱུགས་སྨན་སྲིད་འཛིན་གཙོ་གཉེར་སྡེ་ཁག་གིས་རང་སྲིད་འཛིན་ས་ཁོངས་ནང་གི་དམིགས་བཙུགས་ཀྱི་གནས་སུ་ཕྱུགས་བྱ་བཤའ་བའི་ལག་ཁྱེར་དང་ཐམ་ག མཚོན་རྟགས་བཅས་དོ་དམ་བྱ་བའི་འགན་འཁུར་དགོས།

ཞིང་ཆེན་སྲོག་ཆགས་འཕྲོད་བསྟེན་ལྟ་སྐུལ་ཁང་གིས་ཞིང་ཆེན་ཡོངས་ཀྱི་དམིགས་བཙུགས་ཀྱི་གནས་སུ་ཕྱུགས་བྱ་བཤའ་བའི་ལག་ཁྱེར་དང་ཐམ་ག མཚོན་རྟགས་བཅས་གཅིག་གྱུར་གྱིས་བཟོ་བ་དང་ཨང་རྟགས་སྒྲིག་པ། བེད་སྤྱོད་པར་ལྟ་སྐུལ་དོ་དམ་སོགས་ཀྱི་ འགན་འཁུར་དགོས།

རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་བཙུགས་པའི་སྲོག་ཆགས་འཕྲོད་བསྟེན་ལྟ་སྐུལ་ལས་ཁུངས་སམ་ཞིང་ལས་ཕྱོགས་བསྡུས་ཁྲིམས་འཛིན་ལས་ཁུངས་ཀྱིས་རང་སྲིད་འཛིན་ས་ཁོངས་ནང་གི་དམིགས་བཙུགས་ཀྱི་གནས་སུ་ཕྱུགས་བྱ་བཤའ་བའི་ལག་ཁྱེར་དང་ཐམ་ག མཚོན་རྟགས་བཅས་སྟེར་བ་དང་བེད་སྤྱོད་པར་ལྟ་སྐུལ་དོ་དམ་སོགས་ཀྱི་འགན་འཁུར་དགོས།

དོན་ཚན་ཉེར་ལྔ་བ། དམིགས་བཙུགས་ཀྱི་ཕྱུགས་བྱ་བཤས་ར(གནས)ཡིས་དམིགས་བཙུགས་ཀྱི་ཕྱུགས་བྱ་བཤའ་བའི་མཚོན་རྟགས་དེ་བཤས་རའི་མངོན་གསལ་གྱི་གནས་སུ་དགལ་དགོས། དམིགས་བཙུགས་ཀྱི་ཕྱུགས་བྱ་བཤས་ར་ཡིས་ཕྱུགས་བྱ་བཤའ་བའི་ལག་ཁྱེར་དང་ཐམ་ག མཚོན་རྟགས་བཅས་ཉར་ཚགས་དང་བེད་སྤྱོད་པར་དོ་དམ་ལམ་ལུགས་འཛུགས་དགོས།

དོན་ཚན་ཉེར་དྲུག་པ། དམིགས་བཙུགས་ཀྱི་གནས་སུ་ཕྱུགས་བྱ་བཤའ་བའི་ལག་ཁྱེར་དང་ཐམ་ག མཚོན་རྟགས་བཅས་གཞན་ལ་གཡོར་བ་དང་བོགས་མར་གཏོང་བ། བརྒྱུད་བཤུག་བཅས་བྱ་མི་རུང་། སྡེ་ཚན་དང་མི་སྒེར་གང་གིས་ཀྱང་རྫུན་བཟོ་བྱས་པའི་དམིགས་བཙུགས་ཀྱི་ཕྱུགས་བྱ་བཤའ་བའི་ལག་ཁྱེར་དང་ཐམ་ག མཚོན་རྟགས་བཅས་བརྫུས་སྤྱོད་དམ་བེད་སྤྱོད་མི་རུང་།

ལེའུ་བཞི་བ། ཕྱུགས་བྱ་བཤའ་བ་དང་རིམས་ནད་ཞིབ་བཤེར།

དོན་ཚན་ཉེར་བདུན་པ། དམིགས་བཙུགས་ཀྱི་ཕྱུགས་བྱ་བཤས་ར(གནས)ཡིས་ཤན་པ་མི་སྒེར་གྱི་འགོག་སྲུང་ཐད་ལ་ཤུགས་བསྣན་ནས། དུས་བཅད་ལྟར་ལུས་པོར་ཞིབ་བཤེར་བྱས་ཏེ་ལས་རིགས་ཀྱི་ནད་འབྱུང་བ་དང་མཆེད་པར་སྔོན་འགོག་བྱ་དགོས།

དོན་ཚན་ཉེར་བརྒྱད་པ། དམིགས་བཙུགས་ཀྱི་ཕྱུགས་བྱ་བཤས་ར(གནས)ཡིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཕྱུགས་སྨན་སྲིད་འཛིན་གཙོ་གཉེར་སྡེ་ཁག་དང་ཞིང་ཆེན་ཕྱུགས་སྨན་སྲིད་འཛིན་གཙོ་གཉེར་སྡེ་ཁག་གིས་གཏན་ལ་ཕབ་པའི་ལག་བསྟར་བྱེད་ལུགས་དང་ལག་རྩལ་བླང་བྱ་ལྟར་ཕྱུགས་བྱ་བཤའ་དགོས།

དོན་ཚན་ཉེར་དགུ་བ། དམིགས་བཙུགས་ཀྱི་ཕྱུགས་བྱ་བཤས་ར(གནས)ཡིས་གཤམ་གསལ་གྱི་ཕྱུགས་བྱ་བཤའ་མི་ཆོག་པ་སྟེ།

(གཅིག)《སྲོག་ཆགས་ཀྱི་རིམས་ནད་ཞིབ་བཤེར་ཚད་མཐུན་དཔང་ཡིག》ཟུར་དུ་བཀོད་མེད་པའམ་རིམས་འགོག་མཚོན་རྟགས་བཏགས་མེད་པ།

(གཉིས།)ཁོག་ཏུ་ཆུའམ་དངོས་པོ་གཞན་དག་བཅུག་པ།

(གསུམ།)རིམས་ནད་འགོས་པ་དང་རིམས་ནད་འགོས་པར་དོགས་ཡོད་ཅན།

(བཞི།)མ་བཤས་སྔོན་དུ་ཤི་བ།

(ལྔ།)བཅའ་ཁྲིམས་ཁྲིམས་སྲོལ་དང་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་དང་མི་མཐུན་པ་གཞན་དག

དོན་ཚན་སུམ་ཅུ་བ། སྡེ་ཚན་དང་མི་སྒེར་གང་གིས་ཀྱང་གནས་དམིགས་བཙུགས་ཀྱི་ཆོག་འཐུས་མ་ཐོབ་པར་ཕྱུགས་བྱ་བཤའ་བའི་བྱེད་སྒོ་སྤེལ་བའི་སྡེ་ཚན་ནམ་མི་སྒེར་ལ་ཕྱུགས་བྱ་བཤའ་བའི་གནས་སམ་ཕྱུགས་བྱའི་ཐོན་རྫས་ཉར་ཚགས་སྒྲིག་ཆས་འདོན་སྤྲོད་བྱ་མི་རུང་། ཕྱུགས་བྱ་དང་ཕྱུགས་བྱའི་ཐོན་རྫས་ཀྱི་ཁོག་ཏུ་ཆུའམ་དངོས་པོ་གཞན་དག་བཅུག་པའི་སྡེ་ཚན་ནམ་མི་སྒེར་ལ་གནས་ཡུལ་འདོན་སྤྲོད་བྱ་མི་རུང་།

དོན་ཚན་སོ་གཅིག་པ། དམིགས་བཙུགས་ཀྱི་ཕྱུགས་བྱ་བཤས་ར(གནས)ཡིས་བཤས་རར་འཇུག་དུས་ཞིབ་བཤེར་ཐོ་འགོད་དང་ཟས་ཁ་བསྒགས་ཏེ་བདེ་ལྷོད་ངང་གསོ་བ་སོགས་ཕྱུགས་བྱ་བཤའ་བའི་དོ་དམ་ལམ་ལུགས་འཛུགས་དགོས་པ་མ་ཟད། བཤའ་ཁང་གི་མངོན་གསལ་དོད་སར་ཕྱུགས་བྱ་བཤའ་བའི་ལག་རྩལ་བརྒྱུད་རིམ་གྱི་དཔེ་རིས་གསལ་པོར་སྟོན་དགོས།

དོན་ཚན་སོ་གཉིས་པ། དམིགས་བཙུགས་ཀྱི་ཕྱུགས་བྱ་བཤས་ར(གནས)ཡིས་ཕྱུགས་བྱ་བཤའ་བར་བདེ་འཇགས་ཐོན་སྐྱེད་དང་ཁོར་ཡུག་སྲུང་སྐྱོང་གི་ལམ་ལུགས་འཛུགས་དགོས་པ་དང་། ཕྱུགས་བྱ་བཤའ་བའི་བདེ་འཇགས་ཐོན་སྐྱེད་དང་ཁོར་ཡུག་སྲུང་སྐྱོང་གི་གནས་ཚུལ་ལ་དུས་བཅད་ལྟར་ཞིབ་བཤེར་གདེང་འཇོག་བྱ་དགོས། ཐོན་སྐྱེད་ཆ་རྐྱེན་ལ་འགྱུར་ལྡོག་བྱུང་ནས་བདེ་འཇགས་ཐོན་སྐྱེད་དང་ཁོར་ཡུག་སྲུང་སྐྱོང་གི་བླང་བྱ་དང་མི་མཐུན་པར་གྱུར་ཚེ། དམིགས་བཙུགས་ཀྱི་ཕྱུགས་བྱ་བཤས་ར(གནས)ཡིས་འཕྲལ་མར་དག་ཐེར་ལེགས་བཅོས་བྱེད་ཐབས་སྤྱད་དགོས་ཤིང་། ཕྱུགས་བྱ་བཤའ་བར་བདེ་འཇགས་ཐོན་སྐྱེད་ཆག་སྒོ་འབྱུང་ཉེན་དང་ཁོར་ཡུག་འབག་བཙོག་གི་མངོན་མེད་ཉེན་ཁ་ཡོད་ཚེ། ཕྱུགས་བྱ་བཤའ་མཚམས་འཇོག་དགོས་པ་མ་ཟད། དེ་གནས་སའི་རྫོང་རིམ་པའི་ཕྱུགས་སྨན་སྲིད་འཛིན་གཙོ་གཉེར་སྡེ་ཁག་ལ་ཞུ་འབུལ་བྱ་དགོས།

དོན་ཚན་སོ་གསུམ་པ། དམིགས་བཙུགས་ཀྱི་ཕྱུགས་བྱ་བཤས་ར(གནས)ཡིས་རྒྱལ་ཁབ་ཀྱི་གཏན་འབེབས་ལྟར་ནད་ཡོད་པའི་ཕྱུགས་བྱ་དང་དེའི་ཐོན་རྫས་གནོད་མེད་ཅན་དུ་ཐག་གཅད་དགོས་ཤིང་། རྒྱལ་ཁབ་ཀྱི་གཏན་འབེབས་ལྟར་བཙོག་ཆུ་དང་བེད་མེད་སྙིགས་རོ་ཐག་གཅོད་བྱ་དགོས།

དོན་ཚན་སོ་བཞི་བ། དམིགས་བཙུགས་ཀྱི་ཕྱུགས་བྱ་བཤས་ར(གནས)ཡིས་ ཤ་རིགས་ཀྱི་སྤུས་ཚད་ཚོད་འཛིན་མ་ལག་འཛུགས་པ་དང་། ཤ་རིགས་ཀྱི་སྤུས་ཚད་ཞིབ་བཤེར་ལམ་ལུགས་དོན་འཁྱོལ་བྱ་དགོས། ཤ་རིགས་ཀྱི་སྤུས་ཚད་ལ་འགན་འཁུར་མཁན་དང་བཤའ་བའི་གཞི་ཁྱོན་དང་འཚམ་ཞིང་དཔྱད་ཞིབ་བྱས་ནས་ཚད་ལོན་པའི་ཤ་རིགས་ཀྱི་སྤུས་ཚད་ལ་ཞིབ་དཔྱད་བྱེད་མཁན་བསྐོ་གཞག་བྱ་དགོས།

དོན་ཚན་སོ་ལྔ་བ། ཤ་རིགས་ཀྱི་སྤུས་ཚད་ཞིབ་དཔྱད་བྱེད་མཁན་གྱིས་རྒྱལ་ཁབ་ཀྱིས་གཏན་ལ་ཕབ་པའི་ཤ་རིགས་ཀྱི་སྤུས་ཚད་ཞིབ་དཔྱད་སྒྲིག་སྲོལ་ལྟར་ཞིབ་དཔྱད་བྱ་དགོས། ཤ་རིགས་ཀྱི་སྤུས་ཚད་དེ་ཕྱུགས་བྱ་བཤའ་བ་དང་དུས་མཉམ་དུ་ཞིབ་དཔྱད་བྱ་དགོས་ཤིང་། མ་བཤས་སྔོན་དང་བཤས་རྗེས་ཞིབ་དཔྱད་བྱེད་པའང་འདུས་ཡོད། ཞིབ་དཔྱད་བྱས་ནས་ཚད་ལྡན་ཡིན་ན། 《ཤ་རིགས་ཀྱི་སྤུས་ཚད་ཞིབ་དཔྱད་ཚད་ལྡན་ལག་ཁྱེར》སྟེར་བ་དང་། ཤ་རིགས་ཀྱི་སྤུས་ཚད་ཞིབ་དཔྱད་ཚད་ལྡན་གྱི་ཐམ་ག་བརྒྱག་དགོས། ཞིབ་དཔྱད་བྱས་ནས་ཚད་ལྡན་མིན་ན། དུས་ཐོག་ཏུ་གནོད་མེད་ཅན་དུ་ཐག་གཅོད་བྱ་དགོས།

དོན་ཚན་སོ་དྲུག་པ། རྫོང་རིམ་པའི་སྲོག་ཆགས་འཕྲོད་བསྟེན་ལྟ་སྐུལ་ལས་ཁུངས་ཀྱིས་ས་གནས་དེ་གའི་དམིགས་བཙུགས་ཀྱི་ཕྱུགས་བྱ་བཤས་ར(གནས)རུ་གཞུང་ཕྱོགས་ཀྱི་ཕྱུགས་ནད་སྨན་པ་མངགས་ནས་ཕྱུགས་བྱའི་རིམས་ནད་ཞིབ་དཔྱད་བྱ་དགོས། དམིགས་བཙུགས་ཀྱི་ཕྱུགས་བྱ་བཤས་ར(གནས)ཡིས་རིམས་ནད་ཞིབ་དཔྱད་བྱ་ཡུལ་འདོན་སྤྲོད་བྱ་དགོས། རིམས་ནད་ཞིབ་བཤེར་བྱས་ནས་ཚད་ལྡན་ཡིན་ན། གཞུང་ཕྱོགས་ཀྱི་ཕྱུགས་ནད་སྨན་པས《སྲོག་ཆགས་ཐོན་རྫས་ཀྱི་རིམས་ནད་ཞིབ་བཤེར་ཚད་ལྡན་དཔང་ཡིག》སྟེར་བ་དང་། རིམས་ནད་ཞིབ་བཤེར་ཚད་ལྡན་གྱི་ཐམ་ག་བརྒྱག་དགོས། རིམས་ནད་ཞིབ་བཤེར་བྱས་ནས་ཚད་ལྡན་མིན་ན། གཞུང་ཕྱོགས་ཀྱི་ཕྱུགས་ནད་སྨན་པའི་ལྟ་སྐུལ་འོག་ཏུ་རྒྱལ་ཁབ་ཀྱི་གཏན་འབེབས་ལྟར་གནོད་མེད་ཅན་དུ་ཐག་གཅོད་བྱ་དགོས།

དོན་ཚན་སོ་བདུན་པ། དམིགས་བཙུགས་ཀྱི་ཕྱུགས་བྱ་བཤས་ར(གནས)ཡིས་ཐོན་རྫས་ཕྱིར་སྡུད་ལམ་ལུགས་བཙུགས་ཏེ། དེའི་ཕྱུགས་བྱའི་ཐོན་རྫས་ལ་བདེ་འཇགས་ཐད་ཀྱི་མངོན་མེད་རྐྱེན་ངན་ཡོད་ཅིང་མང་ཚོགས་ཀྱི་བདེ་ཐང་དང་ཚེ་སྲོག་བདེ་འཇགས་ལ་གནོད་འཚེ་གཏོང་སྲིད་པར་སྙམ་ན། འཕྲལ་ཏུ་ཐོན་སྐྱེད་བྱེད་མཚམས་འཇོག་པ་དང་། ཕྱིར་འཚོང་མཁན་དང་འཛད་སྤྱོད་པར་བརྡ་སྦྱོར་བཏང་ཐོག ཁྲོམ་རར་བཀྲམ་ནས་ཕྱིར་བཙོངས་པའི་ཕྱུགས་བྱའི་ཐོན་རྫས་ཕྱིར་བསྡུ་དགོས་པ་མ་ཟད། ཕྱིར་བསྡུས་པ་དང་བརྡ་སྦྱོར་བཏང་བའི་གནས་ཚུལ་ཐོ་འགོད་བྱེད་པ་དང་། ཕྱིར་བསྡུས་པའི་ཕྱུགས་བྱའི་ཐོན་རྫས་གནོད་མེད་ཅན་དུ་ཐག་གཅོད་བྱ་དགོས།

དོན་ཚན་སོ་བརྒྱད་པ། དམིགས་བཙུགས་ཀྱི་ཕྱུགས་བྱ་བཤས་ར(གནས)ཡིས་ཕྱུགས་བྱའི་ཐོན་རྫས་ཀྱི་སྤུས་ཚད་ཁུངས་འདེད་ལམ་ལུགས་འཛུགས་པ་དང་། རྩིས་ཁྲར་དོ་དམ་བྱེད་ཚུལ་འཐུས་ཚང་དུ་གཏང་དགོས། ཕྱུགས་བྱའི་ཡོང་ཁུངས་དང་ཤ་རིགས་ཀྱི་སྤུས་ཚད་ཞིབ་དཔྱད་བྱེད་པ། གནོད་མེད་ཅན་དུ་ཐག་གཅོད་པ། ཐོན་རྫས་ཕྱིར་འཚོང་བ་སོགས་ཀྱི་ཆ་འཕྲིན་ཇི་མ་ཇི་བཞིན་ཐོ་འགོད་དགོས། དམིགས་བཙུགས་ཀྱི་ཕྱུགས་བྱ་བཤས་ར་ཡིས་དེང་རབས་ཆ་འཕྲིན་ལག་རྩལ་བེད་སྤྱད་དེ་ཐོན་རྫས་ཀྱི་སྤུས་ཚད་ཁུངས་འདེད་མ་ལག་འཛུགས་པར་སྐུལ་བསྟོད་བྱ་དགོས། ཟིན་ཐོ་ཉར་ཚགས་བྱེད་ཡུན་ལོ2ལས་ཐུང་མི་རུང་།

དོན་ཚན་སོ་དགུ་བ། དམིགས་བཙུགས་ཀྱི་ཕྱུགས་བྱ་བཤས་ར(གནས)ཡིས་ཐོན་སྐྱེད་བྱས་པའི་ཕྱུགས་བྱའི་ཐོན་རྫས་ལ། ཤ་རིགས་ཀྱི་སྤུས་ཚད་ཞིབ་དཔྱད་དང་རིམས་ནད་ཞིབ་བཤེར་མ་བྱས་པའམ་ཤ་རིགས་ཀྱི་སྤུས་ཚད་ཞིབ་དཔྱད་དང་རིམས་ནད་ཞིབ་བཤེར་བྱས་ནས་ཚད་ལྡན་མིན་ན་ཕྱིར་བཙོང་མི་རུང་།

དོན་ཚན་བཞི་བཅུ་བ། ཕྱུགས་བྱའི་ཐོན་རྫས་ཕྱིར་འཚོང་དང་ལས་སྣོན་བྱེད་པའི་སྡེ་ཚན་དང་མི་སྒེར། དེ་མིན་བཟའ་བཏུང་ཞབས་ཕྱིའི་ལས་རིགས་གཉེར་མཁན། ཐུན་མོང་གིས་ཟ་མ་ཟ་སའི་སྡེ་ཚན་བཅས་ཀྱིས་ཕྱིར་འཚོང་དང་བེད་སྤྱོད་པའི་ཕྱུགས་བྱའི་ཐོན་རྫས་དེ་དམིགས་བཙུགས་ཀྱི་ཕྱུགས་བྱ་བཤས་ར(གནས)ཡིས་རིམས་ནད་ཞིབ་བཤེར་དང་ཤ་རིགས་ཀྱི་སྤུས་ཚད་ཞིབ་དཔྱད་བྱས་ནས་ཚད་ལྡན་ཡིན་པའི་ཤ་རིགས་ཡིན་དགོས།

དོན་ཚན་ཞེ་གཅིག་པ། དམིགས་བཙུགས་ཀྱི་ཕྱུགས་བྱ་བཤས་ར་ཡིས་རྒྱལ་ཁབ་ཀྱི་ཚད་གཞི་དང་མཐུན་པའི་བཟའ་བཅའི་དུག་སེལ་སྨན་རྫས་དང་ཐུམ་སྒྲིལ་རྒྱུ་ཆ། ཆེད་སྤྱོད་སྐྱེལ་འདྲེན་ཡོ་བྱད་བེད་སྤྱོད་དགོས་པ་མ་ཟད། དེར་མཐུན་གྱི་བེད་སྤྱོད་དོ་དམ་ལམ་ལུགས་གཏན་འབེབས་བྱ་དགོས། ཕྱུགས་བྱའི་ཐོན་རྫས་དེ་ཁ་ཟུམ་པ་དང་འཁྱགས་ཉར་རམ་འགེལ་ཆས་ཡོད་པའི་ཆེད་སྤྱོད་འཁོར་ལོའི་རིགས་ཀྱིས་སྐྱེལ་འདྲེན་བྱ་དགོས་པ་ལས། ཕྱིར་མངོན་ནས་སྐྱེལ་འདྲེན་བྱ་མི་རུང་ལ། ཕྱུགས་བྱ་དང་ཤ་རིགས་སྐྱེལ་འདྲེན་ཡོ་བྱད་ཀྱིས་བཟའ་བཅའི་བདེ་འཇགས་ལ་གནོད་པའི་དངོས་རྫས་སྐྱེལ་འདྲེན་བྱ་མི་རུང་།

དོན་ཚན་ཞེ་གཉིས་པ། དམིགས་བཙུགས་ཀྱི་ཕྱུགས་བྱ་བཤས་ར་ཡིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཕྱུགས་སྨན་སྲིད་འཛིན་གཙོ་གཉེར་སྡེ་ཁག་དང་ཞིང་ཆེན་ཕྱུགས་སྨན་སྲིད་འཛིན་གཙོ་གཉེར་སྡེ་ཁག་གི་གཏན་འབེབས་ལྟར་ཕྱུགས་བྱ་ཉོ་སྡུད་དང་བཤའ་བ། ཕྱིར་འཚོང་། གནོད་མེད་ཅན་དུ་ཐག་གཅོད་བྱས་ཚུལ་སོགས་ཀྱི་འབྲེལ་ཡོད་ཆ་འཕྲིན་དུས་ཐོག་ཏུ་ཞུ་འབུལ་བྱ་དགོས།

ལེའུ་ལྔ་བ། ལྟ་སྐུལ་དོ་དམ།

དོན་ཚན་ཞེ་གསུམ་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་རིམས་ནད་ཞིབ་བཤེར་དང་ཞིབ་བཤེར་སྒྲིག་ཆས་འཛུགས་སྐྲུན་ཐད་ལ་ཤུགས་བསྣན་ཏེ། ཤ་རིགས་ཀྱི་སྤུས་ཚད་བདེ་འཇགས་ཞིབ་དཔྱད་ཚད་ལེན་གྱི་ཆུ་ཚད་རིམ་བཞིན་ཇེ་མཐོར་གཏང་དགོས།

དོན་ཚན་ཞེ་བཞི་བ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་ཕྱུགས་བྱ་བཤའ་བར་ལྟ་སྐུལ་དོ་དམ་བྱ་བའི་མགོ་ཁྲིད་ལ་ཤུགས་སྣོན་པ་དང་། ཕྱུགས་བྱ་བཤའ་བར་ལྟ་སྐུལ་དོ་དམ་དཔུང་སྡེའི་འཛུགས་སྐྲུན་ཐད་ལ་ཤུགས་བསྣན་ཐོག ཕྱུགས་བྱ་བཤའ་བར་ལྟ་སྐུལ་དོ་དམ་བྱ་བའི་ཁྲོད་ཀྱི་གནད་དོན་ཆེན་པོ་དུས་ཐོག་ཏུ་མཐུན་སྦྱོར་དང་ཐག་གཅོད་བྱ་དགོས།

དོན་ཚན་ཞེ་ལྔ་བ། ཞིང་ཆེན་ཡོངས་སུ་ཕྱུགས་བྱ་བཤའ་བའི་སྤུས་ཚད་བདེ་འཇགས་དང་ཉེན་ཁར་དཔྱད་དཔོག་བྱས་ཏེ་རིམ་པ་བཀར་ནས་དོ་དམ་གྱི་ལམ་ལུགས་ལག་བསྟར་བྱ་དགོས། ཞིང་ཆེན་ཕྱུགས་སྨན་སྲིད་འཛིན་གཙོ་གཉེར་སྡེ་ཁག་གིས་དམིགས་བཙུགས་ཀྱི་ཕྱུགས་བྱ་བཤས་རའི་སྤུས་ཚད་བདེ་འཇགས་དང་ཉེན་ཁར་དཔྱད་དཔོག་བྱ་བར་རྩ་འཛུགས་བྱེད་པ་དང་། གྲོང་ཁྱེར(ཁུལ)དང་རྫོང་རིམ་པའི་ཕྱུགས་སྨན་སྲིད་འཛིན་གཙོ་གཉེར་སྡེ་ཁག་གིས་ཕྱུགས་བྱ་བཤའ་བའི་སྤུས་ཚད་བདེ་འཇགས་དང་ཉེན་ཁར་དཔྱད་དཔོག་གི་རིམ་པ་བཀར་བའི་འབྲས་བུ་གཞིར་བཟུང་ནས། དམིགས་བཙུགས་ཀྱི་ཕྱུགས་བྱ་བཤས་རར་ལྟ་སྐུལ་དོ་དམ་བྱེད་པའི་གཙོ་གནད་དང་བྱེད་སྟངས། ཐེངས་གྲངས་གཏན་འཁེལ་བྱ་དགོས།

དོན་ཚན་ཞེ་དྲུག་པ། ཕྱུགས་བྱ་བཤའ་བའི་ཁེ་ལས་ཀྱི་ཡིད་རྟོན་དོ་དམ་མ་ལག་གི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ཐོག ཕྱུགས་བྱ་བཤའ་བའི་ལྷུ་ཚིགས་སུ་བྱུང་བའི《ཕག་བཤའ་བར་དོ་དམ་བྱེད་པའི་སྲོལ་ཡིག》དང་བྱེད་ཐབས་འདི་སོགས་ཀྱི་གཏན་འབེབས་དང་འགལ་བའི་སྡེ་ཚན་དང་མི་སྒེར་དེ་ལྟ་སྐུལ་དོ་དམ་བྱ་ཡུལ་གཙོ་བོའི་ནང་དུ་བཅུག་ནས། ལྟ་སྐུལ་ཞིབ་བཤེར་བྱེད་ཐེངས་ཇེ་མང་དུ་གཏང་དགོས།

དོན་ཚན་ཞེ་བདུན་པ། རྫོང་རིམ་པ་ཡན་གྱི་སྲོག་ཆགས་འཕྲོད་བསྟེན་ལྟ་སྐུལ་ལས་ཁུངས་སམ་ཞིང་ལས་ཕྱོགས་བསྡུས་ཁྲིམས་འཛིན་ལས་ཁུངས་ཀྱིས་ཕྱུགས་བྱ་བཤའ་བར་ནམ་རྒྱུན་ལྟ་སྐུལ་ཞིབ་བཤེར་བྱེད་ཐད་ལ་ཤུགས་བསྣན་དགོས། ཞིབ་བཤེར་ལྟ་སྐུལ་བྱེད་སྐབས་གཤམ་གསལ་གྱི་ཐབས་ཤེས་བཀོལ་ཆོག་ཏེ།

(གཅིག)ཕྱུགས་བྱ་བཤས་ར་སོགས་འབྲེལ་ཡོད་གནས་ཡུལ་དུ་སོང་ནས་ཡུལ་དངོས་སུ་ཞིབ་བཤེར་བྱེད་པ།

(གཉིས།)འབྲེལ་ཡོད་སྡེ་ཚན་དང་མི་སྒེར་ལ་བརྟག་དཔྱད་བྱས་ནས་དཔང་རྟགས་ལེན་པ།

(གསུམ།)འབྲེལ་ཡོད་ཟིན་ཐོ་དང་འཛིན་ཡིག དེ་མིན་དཔྱད་གཞི་གཞན་དག་ལ་ཀློག་བཤེར་དང་བསྐྱར་དཔར་བྱེད་པ།

(བཞི།)ཕྱུགས་བྱ་དང་ཤ་རིགས་ལ་གཏན་འབེབས་ལྟར་དཔེ་དབྱིབས་འཚོལ་བ་དང་རིམས་ནད་ཡོད་མེད་ལྟ་བ། འཐེན་བཤེར་བྱེད་པ།

(ལྔ།)ཁྲིམས་འགལ་གྱིས་ཕྱུགས་བྱ་བཤའ་བའི་བྱེད་སྒོ་དང་འབྲེལ་ཡོད་ཀྱི་གནས་དང་སྒྲིག་ཆས། ཕྱུགས་བྱ། ཤ་རིགས། དེ་མིན་བཤའ་སྤྱད་ཡོ་བྱད་དང་སྒྲིག་ཆས་བཅས་ལ་སྒོ་ཐེལ་རྒྱག་པ་དང་། བཀག་ཉར་དང་ཐག་གཅོད་བྱེད་པ་བཅས་ཡིན།

དོན་ཚན་ཞེ་བརྒྱད་པ། ལྟ་སྐུལ་ཞིབ་བཤེར་བྱེད་སྐབས་སུ་ལྟ་སྐུལ་ཞིབ་བཤེར་བྱེད་མཁན་གྱིས་སྤྱོད་གོ་ཆོད་པའི་ཁྲིམས་འཛིན་ལག་ཁྱེར་སྟོན་དགོས། འབྲེལ་ཡོད་སྡེ་ཚན་དང་མི་སྒེར་གྱིས་གཞོགས་འདེགས་བྱ་དགོས་པ་ལས། དང་དུ་མི་ལེན་པ་དང་བཀག་འགོག་བྱ་མི་རུང་།

དོན་ཚན་ཞེ་དགུ་བ། ལྟ་སྐུལ་ཞིབ་བཤེར་བྱེད་པའི་ཁྲོད་དུ་དམིགས་བཙུགས་ཀྱི་ཕྱུགས་བྱ་བཤས་ར(གནས)ལ་བྱེད་ཐབས་འདི་ལས་གཏན་ལ་ཕབ་པའི་ཆ་རྐྱེན་མི་ལྡན་ན། དེར་དུས་བཅད་ལྟར་དག་ཐེར་ལེགས་བཅོས་བྱེད་པའི་འགན་དཀྲི་དགོས་ཤིང་། དུས་བཅད་ལས་བརྒལ་ནས་སྔར་བཞིན་གཏན་ལ་ཕབ་པའི་ཆ་རྐྱེན་མི་འཛོམས་ན། གྲོང་ཁྱེར(ཁུལ)ཕྱུགས་སྨན་སྲིད་འཛིན་གཙོ་གཉེར་སྡེ་ཁག་གིས་གྲོང་ཁྱེར(ཁུལ)མི་དམངས་སྲིད་གཞུང་ལ་ཞུ་འབུལ་བྱས་ནས་དེའི་གནས་དམིགས་འཛུགས་ཀྱིས་ཕྱུགས་བྱ་བཤའ་བའི་ཐོབ་ཐང་མེད་པར་བཟོ་དགོས།

དོན་ཚན་ལྔ་བཅུ་བ། ལྟ་སྐུལ་ཞིབ་བཤེར་བྱེད་སྐབས་ཕྱུགས་བྱ་བཤའ་བའི་བྱེད་སྒོ་དེ་ནག་ཉེས་གསོག་པ་དང་འབྲེལ་བ་ཡོད་ན། སྤྱི་བདེ་ལས་ཁུངས་ལ་ཁྲིམས་ལྟར་སྤོ་སྐྱེལ་བྱ་དགོས།

དོན་ཚན་ང་གཅིག་པ། སྤྱི་བདེ་ལས་ཁུངས་ཀྱིས་ཕྱུགས་བྱ་བཤའ་བའི་གྱོད་གཞི་མྱུལ་ཞིབ་བྱེད་པའི་བརྒྱུད་རིམ་ཁྲོད་དུ་ཕྱུགས་སྨན་སྲིད་འཛིན་གཙོ་གཉེར་སྡེ་ཁག་གིས་ཞིབ་བཤེར་དང་གསལ་འབྱེད། ངོས་འཛིན་སོགས་ཀྱི་རམ་འདེགས་བྱ་དགོས་ན། ཕྱུགས་སྨན་སྲིད་འཛིན་གཙོ་གཉེར་སྡེ་ཁག་གིས་རམ་འདེགས་བྱ་དགོས་ཤིང་། ཞིབ་བཤེར་བཀག་ཉར་བྱས་པའི་ཕྱུགས་བྱ་ཤི་བོ་དང་དེའི་ཐོན་རྫས་དག་རྒྱལ་ཁབ་ཀྱི་གཏན་འབེབས་ལྟར་གནོད་མེད་ཅན་དུ་ཐག་གཅོད་བྱ་དགོས།

དོན་ཚན་ང་གཉིས་པ། བྱེད་ཐབས་འདི་ཁྱབ་སྒྲོག་བྱས་པའི་ཉིན་ནས་བཟུང་ལག་བསྟར་བྱ་དགོས། 《མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་ལས་ཐིན་གྱིས་ཞིང་ཆེན་ཚོང་དོན་ཐིན་གྱི་མཚོ་སྔོན་ཞིང་ཆེན་གྱི་ཕྱུགས་བྱ་བཤའ་བར་དོ་དམ་བྱེད་ཐབས་བརྒྱུད་སྤེལ་བྱས་པའི་བརྡ་སྦྱོར》(མཚོ་སྲིད་གཞུང་ལས་ཐིན〔2009〕ཨང217པ)དུས་མཚུངས་སུ་ལག་བསྟར་བྱེད་མཚམས་འཇོག་དགོས།