ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་རེབ་ཐེངས་གཉིས་པའི་སྐོར་ཞིབ་བྱ་ཡུལ་ས་ཁུལ་དང་ལས་ཁུངས་ཀྱི་འཇོན་མི་འདེམས་བཀོལ་གྱི་གནས་ཚུལ་ཞིབ་བཤེར་བསམ་འཆར་ལ་ཕྱིར་ལན་སྤྲད་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཉེ་ཆར། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ཚོ་ཆུང་གིས་སྐོར་ཞིབ་ཀྱི་བརྡ་ལན་ལས་དོན་ཁག་དང་ཟུང་འབྲེལ་སྒོས། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་རེབ་ཐེངས་གཉིས་པའི་སྐོར་ཞིབ་བྱ་ཡུལ་གྱི་མཚོ་བྱང་དང་། ཡུལ་ཤུལ། རྨ་ལྷོ། མགོ་ལོག་བཅས་ཁུལ་བཞི་དང་དེ་བཞིན་ཁོངས་གཏོགས་གི་རྫོང་དང་། ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་། མཚོ་སྔོན་ཉིན་རེའི་ཚགས་པར་ཁང་། ཞིང་ཆེན་ཁྲིམས་འཛིན་ཐིང( ཞིང་ཆེན་བཙོན་ཁང་དོ་དམ་ཅུས། ) གི་ཏང་ཨུས( ཏང་ཙུའུ) 15ཡི་འཇོན་མི་འདེམས་བཀོལ་གྱི་བརྟག་དཔྱད་གནས་ཚུལ་ལ་ཕྱིར་ལན་སྤྲད་པར་མ་ཟད། ད་དུང་དག་ཐེར་ལེགས་བཅོས་ཀྱི་བསམ་འཆར་དང་གྲོས་གཞི་བཏོན་པ་རེད།

ཕྱིར་ལན་སྤྲད་པའི་བསམ་འཆར་ནང་། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་མངགས་གཏོང་བྱས་པའི་འཇོན་མི་འདེམས་བཀོལ་གྱི་ཞིབ་བཤེར་ཚོ་ཆུང5ཡིས། སྐོར་ཞིབ་བྱ་ཡུལ་ས་ཁུལ་དང་ལས་ཁུངས་ཀྱིས་མི་སྣ་འདེམས་སྒྲུག་དང་བཀོལ་སྤྱོད་བྱེདཔའི་ཁྲོད་དུ་གནས་པའི་མི་སྣ་བཀོལ་སྤྱོད་བྱེད་པའི་ཁ་ཕྱོགས་ཡང་དག་མིན་པ་དང་། ཏང་རྩ་འཛུགས་ཀྱི་འགོ་ཁྲིད་ཀྱིས་གནད་འགག་དམ་འཛིན་གྱི་ནུས་པ་འདོན་སྤེལ་བྱེད་ནུས་མི་འདང་བ། སྒྲིག་འགལ་གྱིས་ལས་བྱེད་པའི་གོ་གནས་ཇེ་མཐོར་བཏང་བ། ལས་བྱེད་པའི་མི་དོན་ཡིག་ཚགས་ལ་ཞིབ་དཔྱད་ནན་པོ་མི་བྱེད་པ། “ བརྒལ་བ་གསུམ་དང་རྙོག་འཛིང་གཉིས” བསྐྱར་འཕར་བྱེད་ཚུལ་བྱུང་བ། ལས་བྱེད་པར་ལྟ་སྐུལ་དོ་དམ་བྱེད་པའི་ལམ་ལུགས་ལག་བསྟར་ནུས་ལྡན་མིན་པ། ལས་བྱེད་པ་འདེམས་སྒྲུག་བསྐོ་སྤྱོད་གོ་རིམ་ནན་པོ་མིན་པ། འགོ་ཁྲིད་ལས་བྱེད་པའི་ལས་དོན་མི་སྒྲུབ་པ་འགན་འཁྲི་མི་འཁུར་པ་སོགས་ཕྱོགས8ཀྱི་གནད་དོན19ཕྱིར་བཏོན་ཏེ། དུས་བཀག་ལྟར་དག་ཐེར་ལེགས་བཅོས་བྱ་རྒྱུ་མ་ཟད།ད་དུང་དག་ཐེར་ལེགས་བཅོས་བྱེད་པའི་མཇུག་འབྲས་དེ་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་རྩ་འཛུགས་པུའུ་ལ་ཞུ་དགོས་པའི་བླང་བྱ་བཏོན་ཡོད།

སྐོར་ཞིབ་བྱེད་པའི་ས་ཁུལ་གྱི་ཏང་ཨུའི( ཏང་ཙུའུ)གཙོ་འགན་འཁུར་བའི་བློ་མཐུན་གྱིས་སོ་སོར་མིང་རྟགས་བཀོད་ནས་འཇོན་མི་འདེམས་བཀོལ་གྱི་ཞིབ་བཤེར་ཚན་ཆུང་གིས་ཕྱིར་ལན་སྤྲོད་པའི་བསམ་འཆར་རྩིས་ལེན་བྱས་ཤིང་། འཇོན་མི་འདེམས་བཀོལ་གྱི་ཞིབ་བཤེར་ཚན་ཆུང་གིས་བཏོན་པའི་གནད་དོན་ལྟར་དག་ཐེར་ལེགས་བཅོས་ཀྱི་ཇུས་གཞིར་ནན་ཏན་གྱིས་ཞིབ་འཇུག་བྱས་ནས་བཟོ་དགོས་ལ། གནད་དོན་རེ་རེ་བཞིན་དག་ཐེར་ལེགས་བཅོས་ཀྱི་བྱེད་ཐབས་འདོན་རྒྱུ། འགན་འཁྲི་འཁུར་མཁན་གཏན་འཁེལ་བྱས་ནས་དུས་ལྟར་དག་ཐེར་ཡོ་བསྲང་བྱས་ཏེ། དོན་དངོས་སུ་གནས་པའི་གནད་དོན་གནད་འཁེལ་དུ་དག་ཐེར་ལེགས་བཅོས་བྱ་རྒྱུ་ཡིན་ཟེར།

རྒྱུས་ལོན་བྱུང་བ་ལྟར་ན། རྗེས་ཕྱོགས། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་གནད་དོན་ལ་དམ་པོར་དམིགས་པ་དང་། སློབ་སྟོན་བྱེད་པར་ཤུགས་སྣོན་རྒྱག་པ། རྗེས་འདེད་སྐུལ་འདེད་གཏོང་བ་བཅས་ལ་ཤུགས་རྒྱག་རྒྱུ་དང་། དག་ཐེར་ཡོ་བསྲང་གནད་ལ་མི་འཁེལ་པའི་གནད་དོན་དག་ལ། མུ་མཐུད་དུ་དག་ཐེར་ཡོ་བསྲང་བྱ་རྒྱུར་སྐུལ་འདེད་གཏོང་བ། དག་ཐེར་ཡོ་བསྲང་གི་ལས་འགན་ཁག་དོན་ཐོག་ཏུ་འཁྱོལ་བར་འགན་ལེན་ཏན་ཏིག་བྱ་རྒྱུ་རེད།

ལོ་ཙཱ་བ། གཡང་སྐྱིད།