རང་ཞིང་གིས《མཚོ་སྔོན་ཞིང་ཆེན་གྱི་ཟས་རིགས་ཐོན་སྐྱེད་ལས་སྣོན་ལས་གྲྭ་ཆུང་བ་དང་ཟས་རིགས་ཐང་ཚོང་རྒྱག་མཁན་དོ་དམ་སྲོལ་ཡིག》རྒྱ་བོད་ཤན་སྦྱར་གྱི་པར་གཞི་པར་སྐྲུན་འགྲེམ་སྤེལ་བྱས་པ།


ཉེ་ཆར། མཚོ་སྔོན་ཞིང་ཆེན་ཟས་རིགས་སྨན་རིགས་ལྟ་སྐུལ་དོ་དམ་ཅུའུ་ཡིས་སྒྲིག་སྒྱུར་བྱས་པའི《མཚོ་སྔོན་ཞིང་ཆེན་གྱི་ཟས་རིགས་ཐོན་སྐྱེད་ལས་སྣོན་ལས་གྲྭ་ཆུང་བ་དང་ཟས་རིགས་ཐང་ཚོང་རྒྱག་མཁན་དོ་དམ་སྲོལ་ཡིག》རྒྱ་བོད་ཤན་སྦྱར་གྱི་པར་གཞི་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་དངོས་སུ་པར་སྐྲུན་འགྲེམ་སྤེལ་བྱས།

2016ལོའི་ཟླ9པའིཚེས23ཉིན། 《མཚོ་སྔོན་ཞིང་ཆེན་གྱི་ཟས་རིགས་ཐོན་སྐྱེད་ལས་སྣོན་ལས་གྲྭ་ཆུང་བ་དང་ཟས་རིགས་ཐང་ཚོང་རྒྱག་མཁན་དོ་དམ་སྲོལ་ཡིག》(གཤམ་དུ་བསྡུས་མིང་ལ《ཟས་རིགས་དོ་དམ་སྲོལ་ཡིག》ཅེས་འབོད)མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉེར་དགུ་པའི་སྟེང་དུ་གྲོས་ཞིབ་གྲོས་འཆམ་བྱུང་། 2016ལོའི་ཟླ12པའིཚེས30ཉིན། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་ལས་ཁང་གིས་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་བསྡུས་ཏེ། 《ཟས་རིགས་དོ་དམ་སྲོལ་ཡིག》2017ལོའི་ཟླ1པོའིཚེས1ཉིན་ནས་བཟུང་ལག་བསྟར་བྱས་པ་ཡིན། 《ཟས་རིགས་དོ་དམ་སྲོལ་ཡིག》སྤྱིའི་དོན་ཚན་དང་། ཟས་རིགས་ལས་གྲྭ་ཆུང་བ། ཟས་རིགས་ཐང་ཚོང་རྒྱག་མཁན། ལྟ་སྐུལ་དོ་དམ་དང་ཞབས་ཕྱི། ཁྲིམས་འབྲེལ་འགན་འཁྲི། ཞར་བྱུང་དོན་ཚན་བཅས་ཁྱོན་བསྡོམས་ལེའུ་དྲུག་དང་དོན་ཚན་ང་དྲུག་ཏུ་ཕྱེ་ཡོད། 《ཟས་རིགས་དོ་དམ་སྲོལ་ཡིག》གིས་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཁག་གི་ལྟ་སྐུལ་དོ་དམ་འགན་འཁྲི་གསལ་བོར་གཏན་ལ་ཕབ་པ་དང་། ཟས་རིགས་ཐོན་སྐྱེད་ལས་སྣོན་ལས་གྲྭ་ཆུང་བ་དང་ཟས་རིགས་ཐང་ཚོང་རྒྱག་མཁན་གྱི་ཆོག་འཐུས་དང་ཐོ་འགོད་ལམ་ལུགས་བཙུགས་ཏེ། ཟས་རིགས་ཐོན་སྐྱེད་བདག་གཉེར་བྱེད་མཁན་གྱི་ངེས་པར་དུ་འཛོམ་དགོས་པའི་ཆ་རྐྱེན་དང་བཟོས་མི་ཆོག་པའི་ཟས་རིགས་ཀྱི་སྣ་ཁ་གཏན་ཁེལ་བྱས་ཡོད། ད་རུང་མི་སྣའི་བདེ་ཐང་དོ་དམ་དང་། མ་བཅོས་རྒྱུ་ཆ་ཚོད་འཛིན། ཐོན་སྐྱེད་བདག་གཉེར་བྱེད་པའི་ཟིན་ཐོ། འཛིན་ཤོག་གམ་ཟུར་བཙུགས་རྩིས་ཁྲ་དོ་དམ། འཛིན་ཡིག་འཛིན་ཤོག་སློང་ལེན་དོ་དམ་སོགས་དོ་དམ་ལམ་ལུགས་རབ་དང་རིམ་པ་གསར་འཛུགས་བྱས་པ་དང་བླང་བྱ་བཏོན་ཡོད། ཁྱད་པར་དུ་ཁྲིམས་འབྲེལ་འགན་འཁྲིའི་ཕྱོགས་ནས་ཟས་རིགས་ཐོན་སྐྱེད་ལས་སྣོན་ལས་གྲྭ་ཆུང་བ་དང་ཟས་རིགས་ཐང་ཚོང་རྒྱག་མཁན་སྲོལ་ཡིག་འདིས་གཏན་ལ་ཕབ་པའི་གནས་ཚུལ་རིགས་མི་འདྲ་བ་དང་འགལ་བ་ལ་ཆད་གཅོད་རྩ་དོན་ཞིབ་ཕྲ་བྱས་ཏེ། ཁྲིམས་འཛིན་སྡེ་ཁག་ལ་འོས་འཚམ་གྱི་ལྟ་སྐུལ་དོ་དམ་བྱེད་པའི་ཐབས་ཤེས་སྤྲད་ཡོད། རིམ་པ་སོ་སོའི་མི་དམངས་སྲིད་གཞུང་དང་ཟས་རིགས་སྨན་རིགས་ལྟ་སྐུལ་དོ་དམ་སྡེ་ཁག་གིས་སྲོལ་ཡིག་འདི་དང་འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་གྱིས་གཏན་ལ་ཕབ་པའི་འགན་འཁྲི་མི་བསྒྲུབ་པ་ལ་འབྲེལ་ཡོད་གཏན་ཁེལ་བྱས་ཡོད་ཅིང་། གཞི་རིམ་གྱི་ལྟ་སྐུལ་དོ་དམ་ལས་ཁུངས་དང་ཁྲིམས་ལུགས་ལག་བསྟར་བྱེད་མཁན་གྱིས་ཟས་རིགས་བདེ་འཇགས་ཀྱི་ལྟ་སྐུལ་དོ་དམ་ལག་བསྟར་ནན་མོ་བྱེད་པར་བཅའ་ཁྲིམས་ལམ་ལུགས་འགན་སྲུང་བྱས་ཡོད། 《ཟས་རིགས་དོ་དམ་སྲོལ་ཡིག》དངོས་སུ་བཏོན་པ་ནི་རང་ཞིང་གི་ཟས་རིགས་བདེ་འཇགས་བྱ་བའི་་འཕེལ་རྒྱས་ལོ་རྒྱུས་སྟེང་གི་དོན་ཆེན་ཞིག་ཡིན་ཏེ། རང་ཞིང་གི་ཟས་རིགས་ཐོན་སྐྱེད་ལས་སྣོན་ལས་གྲྭ་ཆུང་བ་དང་ཟས་རིགས་ཐང་ཚོང་རྒྱག་མཁན་ལྟ་སྐུལ་དོ་དམ་གྱི་བཅའ་ཁྲིམས་མེད་སར་ཁ་གསབ་བྱེད་པ་ཡིན། 《ཟས་རིགས་དོ་དམ་སྲོལ་ཡིག》རྒྱ་བོད་ཤན་སྦྱར་གྱི་པར་གཞི་དངོས་སུ་པར་སྐྲུན་འགྲེམ་སྤེལ་བྱས་པས་སྔར་ལས་ལྷག་པའི་སྒོ་ནས་ཟས་རིགས་བདེ་འཇགས་ཁག་ཐེག་བྱེད་པ་དང་། རང་ཞིང་གི་མི་རིགས་སོ་སོའི་མི་དམངས་མང་ཚོགས་ཀྱི་ལུས་ཕུང་བདེ་ཐང་དང་ཚེ་སྲོག་བདེ་འཇགས་ཡོང་བར་དོན་སྙིང་གལ་ཆེན་པོ་ལྡན་པ་ཡིན་ནོ། །

མཚོ་སྔོན་ཞིང་ཆེན་ཟས་རིགས་སྨན་རིགས་ལྟ་སྐུལ་དོ་དམ་ཅུའུ།