མཚོ་ནུབ་ཁུལ་གྱི་མི་དམངས་ཁྲི་སྟོང་མང་པོའི་ལས་སྒོ་གསར་སྤེལ་དང་ལས་རིགས་གསར་གཏོད་བྱེད་སྒོའི་གཟའ་འཁོར་སྤེལ་འགོ་ཚུགས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། གསར་གཏོད་ནི་སྤྱི་ཚོགས་ཡར་ཐོན་ཡོང་བའི་བླ་སྲོག་ལྟ་བུ་ཡིན་ལ། ལས་སྒོ་གསར་སྤེལ་ ནི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་དང་དམངས་འཚོ་ལེགས་སུ་གཏོང་བའི་ཐབས་ལམ་གལ་ཆེན་ཞིག་ཡིན། ཟླ10 པའི་ཚེས9 ཉིན་ལ། གཏེར་ལེན་ཁ་གྲོང་ཁྱེར་གྱི་ཨོ་རྩལ་འགྲན་ཚོགས་ཐང་ཆེན་དུ་མི་ཚོགས་ཀྱིས་ཁེངས་ཡོད་ལ། མཚོ་ནུབ་ཁུལ་གྱི2018 ལོའི་ མི་དམངས་ཁྲི་སྟོང་མང་པོའི་ལས་སྒོ་གསར་སྤེལ་དང་ལས་རིགས་གསར་གཏོད་བྱེད་སྒོའི་གཟའ་འཁོར་སྤེལ་འགོ་ཚུགས་པ་རེད།

འགོ་ཚུགས་མཛད་སྒོའི་ཐོག་གཏེར་ལེན་ཁ་གྲོང་ཁྱེར་ཤིན་ཡུས་འདེབས་འཛུགས་དཔེ་སྟོན་ཁུལ་ཆེད་ལས་མཉམ་ལས་ཁང་དང་། གཏེར་ལེན་ཁ་གྲོང་ཁྱེར་གྱི་ཚྭ་འདམ་གཞོང་ནོག་གཉིས་ལྡན་གྱི་རྔ་མོང་གསོ་སྤེལ་མཐུན་ཚོགས་སོགས་ཁེ་ལས10 ལྷག་གི་ལས་བྱེད་མི་སྣས་ཡུལ་དངོས་ནས་ཐོན་རྫས་འགྲེམས་སྟོན་དང་། དྲིལ་བསྒྲགས་འགྲེམས་པང་སྒྲིག་པ། བློ་འདྲིའི་སྟེགས་བུ་བཙུགས་པ། དྲིལ་བསྒྲགས་ཀྱི་དཔྱད་གཞིའི་ཡིག་ཆ་སྤྲོད་པའི་ལས་དོན་སྤེལ་ནས། ཡུལ་སྐོར་བ་མང་པོར་འགུག་ནས་ལས་གཏོད་སྐོར་གྱི་གནད་དོན་ལ་བློ་འདྲི་དང་རྒྱུས་ལོན་བྱེད་དུ་ཡོང་ཡོད།

གཏེར་ལེན་ཁ་གྲོང་ཁྱེར་གྱི་ཚྭ་འདམ་གཞོང་ནོག་གཉིས་ལྡན་གྱི་རྔ་མོང་གསོ་སྤེལ་མཐུན་ཚོགས2006 ལོར་བཙུགས་པ་ནས་བཟུང་སྟེ། མཐོ་སྒང་གི་སྐྱེ་ཁམས་གསོ་སྤེལ་དང་ཚན་རྩལ་གསར་གཏོད་རྟེན་གཞི་གཏོད་རྒྱུར་ཐད་ཧུར་བརྩོན་བྱེད་བཞིན་ཡོད་པ་དང་།“ བྱེད་སྒོ་ནི་ཕན་ནུས་ལྡན་པའི་ལས་སྟེགས་ཞིག་ཡིན་པས། བྱེད་སྒོ་ལ་བརྟེན་ནས་སྔར་ལས་མང་བའི་མིས་རྔ་མོང་གསོ་སྤེལ་ཕྱོགས་ཀྱི་ཤེས་བྱ་རྒྱུས་ལོན་བྱེད་ཐུབ་པ་རེད། མི་གང་མང་གིས་ང་ཚོའི་མཐུན་ཚོགས་ལ་དོ་ཁུར་བྱེད་པའི་རེ་བ་འཛིན། ང་ཚོས་མུ་མཐུད་དུ་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། མཐོ་སྒང་གི་ནོག་གཉིས་ལྡན་གྱི་རྔ་མོང་སྤུས་རྟགས་ལེགས་པོ་གཏོད་རྒྱུ་དང་། མཐུན་ཚོགས་སྔར་བས་ལེགས་པའི་སྒོ་ནས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་རྒྱུ་ཡིན། ” གཏེར་ལེན་ཁ་ཚྭ་འདམ་གཞོང་ནོག་གཉིས་ལྡན་གྱི་རྔ་མོང་གསོ་སྤེལ་མཐུན་ཚོགས་ཀྱི་ཁོངས་མི་ཨོ་ཡུན་ཀ་ཡིས་དེ་ལྟར་བཤད་པ་རེད།

ཁུལ་ཚན་རྩལ་ཅུའུ་ཡི་ཅུས་ཀྲང་ཐང་རུའེ་རུང་གིས། “ བྱེད་སྒོའི་གཟའ་འཁོར་དེས་ཐོན་རྫས་འགྲེམ་སྟོན་བྱེད་པར་བརྒྱུད་ནས། རྒྱ་ཆེའི་མང་ཚོགས་ལ་རང་རེའི་ཁུལ་གྱི་བཟོ་ལས་དང་ཞིང་འབྲོག་ཐོན་ལས་ཐད་ཀྱི་འཕེལ་རྒྱས་གྲུབ་འབྲས་མངོན་རྒྱུ་ཡིན་ལ། ན་གཞོན་འབོར་ཆེན་ཞིག་རང་བརྟེན་ལས་གཏོད་བྱ་རྒྱུར་སྣེ་ཁྲིད་དེ། ཁུལ་ཡོངས་ཀྱི་ཐོན་ལས་འཕེལ་རྒྱས་ལ་སྔར་ལས་ལྷག་པའི་སྒོ་ནས་སྐུལ་འདེད་གཏོང་རྒྱུ་ཡིན”ཟེར།

ཉེ་བའི་ལོ་ཤས་རིང་། ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་གསར་གཏོད་ལས་གཏོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ཤིང་།ཚྭ་འདམ་གཞོང་གི་འཁོར་རྒྱུག་དཔལ་འབྱོར་ཚོད་ལྟ་ཁུལ་འཛུགས་སྐྲུན་བྱེད་པའི་འཐབ་ཇུས་དམིགས་འབེན་ལ་དམིགས་ནས།ལས་སྒོ་གསར་སྤེལ་གྱིས་ལས་ཞུགས་ལ་སྐུལ་ཁྲིད་བྱེད་པ་དང་། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ རྒྱུན་འཁྱོངས་བྱས་ནས། ལག་རྩལ་མཐོ་ཞིང་གསར་པའི་ཁེ་ལས་ཁག་གཅིག་སྐྱེད་སྲིང་བྱས་ནས། མང་ཚོགས་ཁག་གཅིག་ལ་སྣེ་ཁྲིད་དེ་རང་བརྟེན་ལས་གཏོད་བྱས་པ་རེད།

ལོ་ཙཱ་བ། གཡང་སྐྱིད།