2018ལོའི་རྨ་ལྷོ་ཁུལ་གྱི་ཁྱད་ལྡན་ཐོན་ལས་ཚོང་འགུག་ངོ་སྤྲོད་ཚོགས་འདུ་ཧང་ཀྲོའུ་རུ་སྤེལ་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། ཟླ10པའི་ཚེས10ཉིན། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་གཙོ་གཉེར་བྱས་པའི“2018ལོའི་རྨ་ལྷོ་ཁུལ་གྱི་ཁྱད་ལྡན་ཐོན་ལས་ཚོང་འགུག་ངོ་སྤྲོད་ཚོགས་འདུ”དེ་ཀྲེ་ཅང་ཞིང་ཆེན་ཧང་ཀྲོའུ་གྲོང་ཁྱེར་དུ་སྤེལ་བ་དང་། ཀྲེ་ཅང་ཞིང་ཆེན་དང་ཉེ་འཁོར་ས་ཁུལ་གྱི་རིག་གནས་དང་ཡུལ་སྐོར། སྨན་བཅོས། མཐོ་གསར་ཚན་རྩལ་སོགས་ཁྱབ་ཁོངས་ཀྱི་ཁེ་ལས200ལྷག་ཚོགས་འདུར་ཞུགས་པ་མ་ཟད། མཉམ་ལས་གྲོས་མཐུན་ཁག7བཞག་ཅིང་། གྲོས་མཐུན་མ་དངུལ་སྒོར་དུང་ཕྱུར3.55ལ་སླེབས་ཡོད་པ་རེད། འདི་ནི་ད་ལོའི་ཟླ4པའི་ཐེན་ཅིན་ཚོང་འགུག་འོས་སྦྱོར་ངོ་སྤྲོད་ཚོགས་འདུ་བསྡུས་པ་ནས་བཟུང་། ཡང་བསྐྱར་ཞིང་ཆེན་ཕྱི་རོལ་ནས་གཉེར་བའི་ཚོང་འགུག་ངོ་སྤྲོད་བྱེད་སྒོ་གལ་ཆེན་གཞན་ཞིག་རེད།

ཉེ་བའི་ལོ་འགའི་རིང་དུ། རྨ་ལྷོ་ཁུལ་གོང་འོག་ཚང་མ“ལྔ་བཞིའི་འཐབ་ཇུས”ཁྲོད་ཟབ་ཞུགས་བྱས་ཏེ། “སྔོན་འགྲོ་གཅིག་དང་མཐོ་བ་གཉིས”ཀྱི་འཐབ་ཇུས་སྐུལ་འདེད་ཤུགས་ཆེན་བཏང་བ་དང་། “ཕྱིར་སྐྱོད་པ”དང“ནང་འདྲེན་བྱེད་པ”གཉིས་ལ་མཉམ་དུ་མཐོང་ཆེན་བྱེད་པ་རྒྱུན་འཁྱོངས་བྱས་པ་དང་། ཕྱོགས་མང་པོ་དང་རིམ་པ་མང་པོ། ཁྱབ་ཁོངས་མང་པོར་ཚོང་འགུག་ངོ་སྤྲོད་དང་སྤེལ་རེས་མཉམ་ལས་བྱ་འགུལ་མཉམ་དུ་སྤེལ་ཏེ། ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སྒྲིག་གཞི་ལེགས་པ་དང་། མྱུར་ཚད་མགྱོགས་པ། ཕན་འབྲས་ཆེས་ལེགས་པ་དང་མང་ཚོགས་ལ་ཕན་ཐོག་མང་ཤོས་ཀྱི་དུས་སྐབས་ཤིག་ཏུ་སྐུལ་འདེད་བཏང་བ་རེད། གསར་འགོད་པས་ཡུལ་དངོས་ནས་ཤེས་རྟོགས་བྱུང་བར། རྨ་ལྷོ་ཁུལ་གྱིས་མུ་མཐུད་དུ་ཚོང་འགུག་བྱ་བ་ཇེ་ལེགས་སུ་བཏང་སྟེ། ཁེ་ལས་ལ་ཁེ་ཕན་ཐོབ་པར་བྱེད་པ་དང་ཚོང་འགྲུལ་བར་ཞབས་འདེགས་བཟང་པོ་ཞུས་ནས། མཉམ་ཕན་མཉམ་རྒྱལ་མངོན་འགྱུར་བྱེད་པའི་ཁྲོད་ཁུལ་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏང་རྒྱུ་རེད།

ངོ་སྤྲོད་ཚོགས་འདུས་བསྡོམས་པས་ས་གནས་ཁེ་ལས41རྩ་འཛུགས་བྱས་ཏེ། ཐང་ཀ་དང་རྡོ་བརྐོས།  སོག་བོད་སྨན་རྫས། མི་རིགས་ཀྱི་གྱོན་ཆས། མཐོ་སྒང་གི་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་སོགས་ཁྱད་ལྡན་ཐོན་རྫས་རིགས87འགྲེམ་སྟོན་བྱས། ངོ་སྤོད་ཚོགས་འདུའི་སྟེང་། ཀྲུང་གོའི་བཟོ་རྩལ་མཛེས་རྩལ་མཁས་ཅན་སྙིང་འབུམ་དང་ཤ་བོ་སྐྱབས་གཉིས་ཀྱི་སྒྱུ་རྩལ་བརྩམས་ཆོས་ལ་ལྟ་སྐོར་བ་རྣམས་ཀྱི་བསྔགས་ཐོབ་ཡོད་པ་རེད།

ངོ་སྤྲོད་ཚོགས་འདུའི་རིང་དུ། རྨ་ལྷོ་ཁུལ་གྱི་ཚོང་འགུག་ངོ་སྤྲོད་ཀྱི་ཏང་སྲིད་འཐུས་ཚབ་ཚོགས་པ་དང་དུང་ཨ་ལི་པ་པ་དང་། ཧེ་ཁང་ཝེ་ཧྲེ། ཁང་ཨེན་པའེ་སྡེ་ཚོགས་སོགས་མཐོ་གསར་ཚན་རྩལ་ཁེ་ལས་སུ་ལྟ་སྐོར་རྟོག་ཞིབ་བྱས་པ་རེད།

ལོ་ཙཱ་བ། ཡེ་ཤེས་སྒྲོལ་མ།