བོད་སྐད་གློག་བརྙན《ང་ཡི་ཆང་གསོལ་རོགས》ཞེས་པ་ཁ་སང་ཟི་ལིང་ནས་ཐོག་མའི་གཟིགས་འབུལ་བྱས་པ།

ཤེས་གསལ་ལྟར་ན། བོད་རིགས་གློག་བརྙན་འཁྲབ་ཁྲིད་པ་ཟོན་ཐར་རྒྱལ་གྱིས་འཁྲབ་ཁྲིད་བྱས་པའི་བོད་སྐད་གློག་བརྙན《ང་ཡི་ཆང་གསོལ་རོགས》ཞེས་པ་ཁ་སང་ཕྱི་དྲོའི་ཆུ་ཚོད་གསུམ་དང་ཕྱེད་ཀའི་སྟེང་ནས་ཟི་ལིང་ཚོང་དཔོན་ནོར་བཟང་ནས་ཐོག་མའི་གཟིགས་འབུལ་བྱས། གཟིགས་འབུལ་མཇུག་རྫོགས་རྗེས། གློག་བརྙན་འཁྲབ་ཁྲིད་པ་དང་འཁྲབ་སྟོན་པ་གཙོ་བྱས་སྒྲིག་སྦྱོར་མཁན་དང་བརྙན་ལེན་མཁན་སོགས་གློག་བརྙན་ལས་བཟོ་ཡོངས་ཀྱིས་མཉམ་དུ་བགྲོ་གླེང་དང་གློག་བརྙན་རྒྱབ་ལྗོངས་གཏམ་རྒྱུད་ངོས་ནས་ཁ་བརྡ་བྱས།

《ང་ཡི་ཆང་གསོལ་རོགས》ཞེས་པ་ནི་བོད་ཀྱི་དམངས་གཞས་ཤིག་ཡིན་ལ།ཁྱེད་ཀྱིས་ཆང་འདི་གཙང་བཞེས་གནང་རོགས་ཞེས་པའི་དོན་རེད། གློག་བརྙན་ལམ་ཁར་ཐོག་མར་ཞུགས་པའི་བོད་ཀྱི་གླུ་བ་གཡང་དྲུང་རྒྱལ་དང་། ན་གཞོན་འཁྲབ་སྟོན་པ་ཉི་མ་སྲུང་སྲུང་། སྲས་མཆོག་རྒྱལ་བཅས་གསུམ་གྱིས་གཙོ་འཁྲབ་བྱས་ཤིང་། གློག་བརྙན་འདི་ནི་རྒྱལ་རོང་ཡུལ་སྐད་ཀྱི་གློག་བརྙན་བརྩམས་ཆོས་ཆེས་ཐོག་མའང་ཡིན་པ་རེད།གློག་བརྙན་འདིའི་ནང་གཙོ་བོ་མི་གཤིས་བཟང་པོ་མངོན་པར་མཚོན་པའི་གཏམ་རྒྱུད་ཅིག་བརྗོད་པ་བརྒྱུད་དེ། ཆུང་མའི་སེམས་སུ་ཡུན་རིང་ཏུ་སྦས་པའི་གསང་བ་དེའི་རྐྱེན་གྱིས། ཁོ་མོ་སེམས་སྡུག་གི་གནས་སུ་ལྷུང་ཡོད་ལ། རང་ཉིད་ཀྱི་སྐྱེས་པ་ལའང་རྒྱུ་རྐྱེན་ཅི་ཡང་མ་བཤད། ཐེངས་ཤིག་གི་གློ་བུར་བའི་དོན་རྐྱེན་ཁྲོད། ཆུང་མས་ལྷ་སར་གོམ་བགྲོད་བྱེད་པའི་སེམས་ཐག་བཅད། དཀའ་སྡུག་གི་བརྒྱུད་རིམ་ཁྲོད། ཆུང་མ་དང་སྐྱེས་པ། བྱིས་པ་བཅས་ཀྱིས་གོམ་བཞུད་ཀྱི་དཀའ་སྡུག་ཁྲོད། ནང་སེམས་ལ་མི་འདྲ་བའི་འགྱུར་བ་བྱུང་བ་བརྗོད་ཡོད།

ང་ཡི་ཆང་གསོལ་རོགས》ཞེས་པར་སྔ་རྗེས་སུ་ཧྲང་ཧེ་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་སྟེང་ནས་དཔྱད་འདེམས་ཚོགས་པའི་བྱ་དགའ་དང་འཁྲབ་གཞུང་རྩེ་གྲས་ཀྱི་བྱ་དགའ་སོགས་ཐོབ་མྱོང་། 

ཟོན་ཐར་རྒྱལ་ནི་རང་ཞིང་གི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ནས་སྐྱེས་པ་རེད་ལ། ཁོ་རང་པར་ལེན་དང་མཛེས་རྩལ་ལ་བརྟེན་ནས་གློག་བརྙན་བརྩམས་ཆོས《ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ》དང་། 《དྲི་མེད་ཀུན་ལྡན་འཚོལ་བ》《ཁྱི་རྒན》སོགས་ཀྱི་བརྙན་ཕབ་ལ་ཞུགས་མྱོང་། 2011ལོར་འཁྲབ་ཁྲིད་པ་དང་སྒྲིག་སྦྱོར་གྱི་ཐོབ་ཐང་སྤྱད་དེ་གཏམ་རྒྱུད་རང་བཞིན་གྱི་གློག་བརྙན་ཕབ་སྐྲུན་གྱི་ལས་ལ་དངོས་སུ་ཞུགས། ཁོའི་ཐོག་མའི་བརྩམས་ཆོས《དབུས་ལམ་གྱི་ཉི་མ》ལ་རྒྱལ་ཁབ་ཕྱི་ནང་གི་གློག་བརྙན་བྱ་དགའ་མང་པོ་ཐོབ་མྱོང་ཡོད་པ་རེད།

ལོ་ཙཱ་བ། ཀླུ་མོ།