《2018ཀྲུང་གོའི་སྐད་སྙན》གྱི་ཨང་དང་པོ་ཐོབ་མཁན་བསྟན་འཛིན་ཉི་མ་ཕྱིར་རང་ཡུལ་དུ་ལོག་པ།

མཚོ་སྔོན་ཞིང་སྲིད་གཞུང་དྲ་བའི་འཕྲིན། ཟླ10པའི་ཚེས9ཉིན་གྱི་ཕྱི་དྲོར། 《2018ཀྲུང་གོའི་སྐད་སྙན》གྱི་ཨང་དང་པོ་ཐོབ་མཁན་བསྟན་འཛིན་ཉི་མ་ཕྱིར་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོར་ལོག་སྟེ། སློབ་གྲྭའི་དགེ་སློབ་དང་མཉམ་དུ་འགྲན་བསྡུར་ཁྲོད་ཞུགས་པའི་མྱོང་ཚོར་དང་མ་འོངས་པའི་ལས་དོན་ཐད་ནས་ལབ་གླེང་བྱས།

《2018ཀྲུང་གོའི་སྐད་སྙན》ལེ་ཚན་ཕྱིར་གཏོང་བྱས་པའི་ཚུན་ལ། རང་ཞིང་གི་ཐོག་མའི་འགྲན་ཞུགས་པ་གཉིས་རྟིང་རྩོད་འགྲན་བསྡུར་ཁྲོད་ཞུགས་ཐུབ་པ་བྱུང་། ཟླ་ངོ་གསུམ་ལྷག་གི་འགྲན་བསྡུར་ཁྲོད། འགྲན་ཞུགས་པ་བསྟན་འཛིན་ཉི་མ་དང་འབྲུག་བྱམས་ཚེ་རིང་གཉིས་ཀྱིས《2018ཀྲུང་གོའི་སྐད་སྙན》གྱི་གར་སྟེགས་སྟེང་ནས་མཚོ་སྔོན་གྱི་ཤུགས་རྐྱེན་ཟབ་མོ་ཞིག་བཞག་ཡོད་ལ། གནའ་དེང་ཟུང་འབྲེལ་གྱི“མཚོ་སྔོན་སྐད་སྙན”ཡང་ཕྱོགས་ཡོངས་ལ་བསྒྲགས་པ་རེད། མཇུག་མཐར་བསྟན་འཛིན་ཉི་མས་རང་གི་སྐད་ངག་གི་སྒྱུ་རྩལ་ལ་བརྟེན་ནས“ཀྲུང་གོའི་སྐད་སྙན་གྱི་རྟིང་རྩོད་འགྲན་བསྡུར་མཚན་མོ”ཞེས་པའི་འགྲན་བསྡུར་ཁྲོད་སྤྱིའི་བྱ་དགའ་ཨང་དང་པོ་བླངས།

བསྟན་འཛིན་ཉི་མས་བཅར་འདྲི་དང་ལེན་བྱེད་བཞིན་པའི་ཚུལ།

ཁོས་བཤད་རྒྱུར། “ཁྱེད་ཅག་གིས་ང་ལ་ཡིད་ཆེས་བརྟན་པོ་ཞིག་བཟུང་ཡོད་པས་ད་གཟོད་ང་རང་བློ་རྩེ་གཅིག་སྒྲིམ་སྒོས་འགྲན་བསྡུར་ཁྲོད་ཞུགས་ཏེ། མཐར་ཨང་དང་པོ་ལེན་ཐུབ་པ་བྱུང་བ་ཡང་ཁྱེད་ཅག་གི་རྒྱབ་སྐྱོར་དང་སྐུལ་མ་ལ་ཁ་འབྲལ་ཐབས་མེད་པས། བཀའ་དྲིན་དེ་ལག་ལེན་དུ་བཏབ་ནས་ང་རང་གསོ་སྐྱོང་དང་རྒྱབ་སྐྱོར་བྱེད་མཁན་གྱི་སློབ་གྲྭར་དྲིན་གཟོ་བྱས་པ་ཡིན”ཟེར།

མཚོ་སྔོན་མི་རིགས་སློབ་ཆེན་གྱི་སློབ་གཙོ་བསོད་ནམས་དོན་གྲུབ་ཀྱིས་བཤད་རྒྱུར། བསྟན་འཛིན་ཉི་མས་འགྲན་བསྡུར་ཁྲོད་མཚོ་སྔོན་གྱི་མཛེས་པ་འགྲེམ་སྟོན་བྱས་པ་དེ་མཚོ་སྔོན་གྱི་གཟི་བརྗིད་ཡིན་ལ།དེ་ལས་ཀྱང་མཚོ་སྔོན་མི་རིགས་སློབ་ཆེན་གྱི་གཟི་བརྗིད་ཀྱང་ཡིན། དགེ་རྒན་བསྟན་འཛིན་ཉི་མས་གུང་གཞོན་ཚོགས་པ་ཨུ་ཡོན་ལྷན་ཁང་གི་བྱ་བའི་སློབ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། སློབ་གྲོགས་མང་པོ་ཞིག་གི་རང་རང་གི་འཇོན་ནུས་འདོན་ཐུབ་པ་བྱ་དགོས་ཞེས་རེ་བོ་བཏོན་ལ། སློབ་གྲོགས་རྣམས་ཀྱིས་ཀྱང་དགེ་རྒན་བསྟན་འཛིན་ཉི་མའི་གྲུབ་འབྲས་ལ་རྟེན་འབྲེལ་ཞུས་པ་དང་མཉམ་དུ། ཁོའི་རྒྱུན་འཁྱོངས་དང་བརྩོན་འགྲུས་ལ་སློབ་སྦྱོང་བྱེད་དགོས་པའི་རེ་བ་བཏོན་པ་རེད། ཉེ་བའི་ལོ་འདི་འགར། ཞིང་ཆེན་རིག་གནས་ཐིན་གྱིས་རང་ཞིང་གི་རིག་རྩལ་གཞོན་ནུའི་འཕེལ་ཕྱོགས་ལ་དུས་ཡུན་རིང་པོར་དོ་ཁུར་བྱས་ཏེ། སྣ་མང་སྟེགས་བུ་འཛུགས་སྐྲུན་བྱས་པ་བརྒྱུད་རིག་གནས་སྒྱུར་རྩལ་ལ་དགའ་མཁན་དག་ལ་འཕེལ་རྒྱས་ཀྱི་ལམ་བུ་གསར་པ་ཞིག་འདོན་སྤྲོད་བྱས་ཡོད་པ་རེད།

བསྟན་འཛིན་ཉི་མ་དང་ཁོའི་ལས་གྲོགས།

ལོ་ཙཱ་བ། ལྷ་ཆེན་རྒྱལ།