ཀྲུང་དབྱང་གི་གཏན་འབེབས་བརྒྱད་ཀྱི་དགོངས་དོན་དང་འགལ་བའི་གནད་དོན་དཔེ་མཚོན་ཅན་བཞིའི་སྐོར་གྱི་སྤྱི་བསྒྲགས།

      ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོགས་ཚུན་དུ། ཞིང་ཆེན་ཡོངས་ཀྱི་རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཀྲུང་དབྱང་གི་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་བླང་བྱ་ལག་བསྟར་ནན་མོ་དང་།  “སྤྱོད་པ་བཞི”(ཕྱི་ཚུལ་རིང་ལུགས། དཔོན་ཉམས་རིང་ལུགས། སྐྱིད་འདོད་རིང་ལུགས། བག་མེད་ཆུད་ཟོས་ཀྱི་སྤྱོད་ངན་བཅས་ལ་ཟེར)དག་ཐེར་བར་མེད་བྱས་ཏེ། ངན་པ་མཁྲེགས་རེངས་ཀྱི་སྒྲིག་འགལ་གནད་དོན་ཁག་ཅིག་ལ་ཆད་གཅོད་ནན་མོ་བཅད་པ་དང་། ཁྲིམས་ཟིལ་གྱིས་མནན་པས།  ཀྲུང་དབྱང་གི་གཏན་འབེབས་བརྒྱད་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གྱི་གྲུབ་འབྲས་སྲ་བརྟན་རྒྱ་བསྐྱེད་བཏང་། བརྒྱད་པའི་བཅོ་ལྔའི་དུས་ཆེན་དང་རྒྱལ་སྟོན་དུས་ཆེན་གཉིས་འཆར་ལ་ཉེ་བའི་སྐབས་འདིར།  རྒྱ་ཆེ་བའི་ཏང་ཡོན་ལས་བྱེད་པས་རང་གི་ཉེ་འཁོར་གྱི་སྐྱོན་ལ་ཐོགས་པའི་མི་དང་དོན་དག་དེ་དག་བསླབ་བྱ་དང་དྲན་སྐུལ་གྱི་ཚུལ་དུ་བལྟས་ཏེ།  དུས་ཆེན་གྱི་སྐབས་ལ་སྤྱོད་བཟང་གཞུང་དྲང་ཚུལ་བཞིན་བསྐྱངས་པར་ཁག་ཐེག་དགོས།  ད་ནི་དྲན་སྐུལ་གྱི་ཚུལ་དུ་ཉེ་ལམ་ཐག་བཅད་པའི་གནད་དོན་དཔེ་མཚོན་ཅན་བཞི་ཁྱབ་བསྒྲགས་ཤིག་བྱའོ།

མཚོ་ནུབ་ཁུལ་ན་གོར་མོ་གྲོང་ཁྱེར་ཁོར་སྲུང་ཅུས་ཀྱི་ཁོར་སྲུང་ལྟ་རྟོག་ཁང་གི་ལས་བྱེད་ལི་ཝེ་དང་། གྲོང་ཁྱེར་སྡོད་ཁང་འཛུགས་སྐྲུན་ཅུས་ལས་གཞི་གཅིག་གྱུར་འཆར་འགོད་གཞུང་སྒྲུབ་ཁང་གི་ལས་བྱེད་ལིག་ཅིན་ཆིང་བཅས་ཀྱིས་སྒྲིག་འགལ་ཐོག་གསུག་དངུལ་བླངས་པའི་གནད་དོན།  

       2017ལོའི་ཟླ9བ་ནས2018ལོའི་ཟླ1བར་ལ། ན་གོར་མོ་གྲོང་ཁྱེར་རྡོ་སོལ་སོལ་རླངས་ལ་བསྒྱུར་བའི་ཁྲོ་ཐབ་མཉམ་འབྲེལ་ཞིབ་བཤེར་ཚན་ཆུང་གི་ལས་བྱེད་པས་ཞིབ་བཤེར་གྱི་ཁྲོད་དུ།  དཀའ་ཚེགས་གྲོན་དངུལ་དང་། ཁ་གསབ་གྲོན་དངུལ།  དཔྱད་ཞིབ་གྲོན་དངུལ་སོགས་ཀྱི་མིང་ཐོག་ནས་ཞིབ་བཤེར་རྩིས་ལེན་གྱི་ལས་ཁུངས་ཀྱི་གསུག་དངུལ་སྒོར་ཁྲི1.68བླངས། 2018ལོའི་ཟླ6པའི་ནང་། ཞིབ་བཤེར་ཚན་ཆུང་གི་འགན་འཁུར་བ་ལི་ཝེ་ལ་སྲིད་དོན་ནས་ཐ་ཚིག་བསྒྲགས་ཤིང་ཆད་པ་བཅད་པ་དང་།  ཞིབ་བཤེར་ཚན་ཆུང་གི་ལས་བྱེད་ལིག་ཅིན་ཆིང་ལ་ཏང་ནང་ཁུལ་གྱིས་ཐ་ཚིག་བསྒྲགས་ནས་ཆད་པ་བཅད།  སྒྲིག་འགལ་ངང་བླངས་པའི་གསུག་དངུལ་ཆ་ཚང་རྩིས་ལེན་བྱས།

མགོ་ལོག་ཁུལ་དགའ་བདེ་རྫོང་ནོར་སྲིད་ཅུས་ཀྱིས་སྒྲིག་འགལ་ངང་ནས་ཕན་བདེ་གྲོན་དངུལ་གནང་བའི་གནད་དོན།

      2015ལོ་ནས་2016ལོའི་བར་ལ། དགའ་བདེ་རྫོང་ནོར་སྲིད་ཅུས་ཀྱིས་སྲིད་འཛིན་དོན་ལས་སྡེ་ཚན་གྱི་ཕན་བདེ་གྲོན་དངུལ་གཏང་སྒོ་ཐད་ཀྱི་འབྲེལ་ཡོད་གཏན་འབེབས་སྣང་མེད་དུ་བཞག་སྟེ།  སྲིད་འཛིན་དོན་ལས་ལས་ཁུངས་ལ་ཕན་བདེ་དངུལ་ཁྱོན་བསྡོམས་ཁྲི470.9679སྒྲིག་འགལ་སྔོན་རྩིས་ཐོག་བཀོད་སྒྲིག་བརྒྱབ་པ་མ་ཟད།  སྔོན་རྩིས་སུ་ཚུད་པའི་ལས་ཁུངས་སོ་སོའི་ལས་བྱེད་ལས་བཟོ་པར་སྤྲད་པ་རེད།  2018ལོའི་ཟླ5བ་དང་6པའི་ནང་དུ།དགའ་བདེ་རྫོང་གི་དེ་དུས་ཀྱི་ནོར་སྲིད་ཅུས་ཀྱི་ཅུས་ཀྲང་གཞོན་པ། ད་ལྟའི་ཅུས་ཀྲང་ཝའེ་ཡ་ཆིང་།  དེ་དུས་ཅུས་ཀྲང་མཱ་ཧྥུ་པའོ་བཅས་ལ་ཏང་ནང་ཁུལ་ནས་ཐ་ཚིག་བསྒྲགས་ནས་ཆད་པ་བཅད།  སྒྲིག་འགལ་གཤམ་སྤྲོད་ཀྱི་ཕན་བདེ་མ་དངུལ་ཚང་མ་ཕྱིར་རྩིས་ལེན་བྱས།

མཚོ་ཤར་གྲོང་ཁྱེར་བཟོ་བཀོད་བཟོ་སྐྲུན་སྤུས་ཚད་ལྟ་སྐུལ་ས་ཚིགས་དང་གྲོང་ཁྱེར་སྡོད་ཁང་འཛུགས་སྐྲུན་ཅུས་ཀྱི་དེ་སྔའི་བཟོ་སྐྲུན་སྤུས་ཚད་ལྟ་བཤེར་ས་ཚིགས་ཀྱི་མི་སྣ་རྩ་འཛུགས་བྱས་ནས་གཞུང་དངུལ་གྱི་ཡུལ་སྐོར་བྱས་པའི་གནད་དོན།

       2015ལོའི་ཟླ2 པའི་ནང་དུ། མཚོ་ཤར་གྲོང་ཁྱེར་བཟོ་བཀོད་བཟོ་སྐྲུན་སྤུས་ཚད་ལྟ་སྐུལ་ས་ཚིགས་ཀྱི་འགོ་གཙོ་ཐང་ཅིན་ཆིང་གིས་གྲོང་ཁྱེར་བཟོ་བཀོད་བཟོ་སྐྲུན་སྤུས་ཚད་ལྟ་སྐུལ་ས་ཚིགས་དང་། གྲོང་ཁྱེར་སྡོད་ཁང་འཛུགས་སྐྲུན་ཅུས་ཀྱི་དེ་སྔའི་བཟོ་སྐྲུན་སྤུས་ཚད་ལྟ་བཤེར་ས་ཚིགས་བཅས་ཀྱི་འབྲེལ་ཡོད་འགན་འཁུར་པ་གཅིག་ཏུ་བསྡུས་ནས་གྲོས་ཚོགས་འཚོགས་ཤིང་། ཚོགས་ཐོག་ཏུ་ལས་ཁུངས་དེ་གའི་ལས་ཀའི་རྣམ་འགྱུར་གཟེངས་ཐོན་གྱི་ལས་བཟོ་པ8ཕྱིར་ཡུལ་སྐོར་དུ་མངག་རྒྱུ་ཐག་བཅད། ཕྱིས་ཆོག་མཆན་བཀོད་པའི་མི་སྣ་དག་ཀོང་ཞི་དང་། ཡུན་ནན་སོགས་ས་གནས་སུ་ཡུལ་སྐོར་ལ་སོང་བ་དང་། ཁྱོན་བསྡོམས་གཞུང་དངུལ་ཁྲི6.315སྤྱད་པ་རེད། བར་སྐབས་དེར་ཐང་ཅིན་ཆིང་ཁུན་མེང་གི་ལས་སྒོའི་ཟབ་སྦྱོང་ལ་ཞུགས་རྗེས་སུ། ཁོ་ཚོ་དང་མཉམ་དུ་ཞི་ཧྲུང་པན་ན་སོགས་ནས་ཡུལ་སྐོར་བྱས།  2018ལོའི་ཟླ་བ་དང་པོར། ཐང་ཅིན་ཆིང་ལ་ཏང་ནང་ཁུལ་ནས་ཐ་ཚིག་བསྒྲགས་ཤིང་ཆད་པ་བཅད། གྲོང་ཁྱེར་སྡོད་ཁང་འཛུགས་སྐྲུན་ཅུས་ཀྱི་དེ་སྔའི་བཟོ་སྐྲུན་སྤུས་ཚད་ཞིབ་བཤེར་ས་ཚིགས་ཀྱི་འགོ་གཙོ་ཉིག་ཝན་ཧྲན་དང་། གྲོང་ཁྱེར་བཟོ་བཀོད་བཟོ་སྐྲུན་ལྟ་སྐུལ་ས་ཚིགས་ཀྱི་དེ་སྔའི་འགོ་གཙོ་གཞོན་པ་ལིན་ཞའོ་ཧའེ་ལ་བསླབ་འདོམས་སྐུལ་ལྕག་གི་གླེང་མོལ་བྱས།  ཡུལ་སྐོར་ལ་བཏང་བའི་གཞུང་དངུལ་ཆ་ཚང་རྩིས་ལེན་བྱས།

མཚོ་བྱང་ཁུལ་བུད་མེད་དང་བྱིས་པའི་བདེ་སྲུང་འཆར་སྐྱེས་ཞབས་ཞུ་ལྟེ་གནས་ཀྱིས་སྒྲིག་འགལ་ངང་ཁ་གསབ་རོགས་དངུལ་གནང་བ་སོགས་ཀྱི་གནད་དོན། 

       2016ལོར། མཚོ་བྱང་ཁུལ་བུད་མེད་དང་བྱིས་པའི་བདེ་སྲུང་འཆར་སྐྱེས་ཞབས་ཞུ་ལྟེ་གནས་ཀྱིས་ལྟེ་གནས་ཀྱི་གླ་ཕོགས་ཆེས་མཐོ་བའི་མི་གསུམ་གྱི་མིང་ཐོག་ནས་གུང་གསེང་གི་ཁ་གསབ་ལྷག་མ་སྒོར་ཁྲི་གཅིག་དང་སྟོང་བརྒྱད་ལྔ་བརྒྱ་རེ་དྲུག་གི་སྙན་ཞུ་ཕུལ། ཕྱིས་ལས་ཀར་འབྱོར་བའི་ཁ་གསབ་ཀྱི་མིང་ཐོག་ནས་ལས་བཟོ་པ་ཡོངས་ལ་ཁ་གསབ་མ་གཤམ་སྤྲོད་བྱས།   གཞུང་དོན་དུ་མངགས་པའི་མི་གྲངས་དང་ཉིན་གྲངས་སོགས་རྫུན་ཞུ་ཡི་ལམ་ནས་འགྲོ་གྲོན་ནམ་གཏོང་སྒོ་ཁ་སྣོན་བརྒྱབ་པ་དང་། མ་དངུལ་གཡོ་ལེན་བྱས་ནས་གཞུང་དངུལ་གྱི་འགྲོ་གྲོན་ཁ་གསབ་བྱས།   ལས་ཁུངས་དེར་དེས་མི་ཚད་པའི་ཁྲིམས་འགལ་སྒྲིག་འགལ་གྱི་གནད་དོན་གཞན་དག་ཀྱང་ཡོད་འདུག   2018ལོའི་ཟླ6པར། ལྟེ་གནས་དེའི་ཀྲུའུ་རེན་པའོ་ཁྲེང་ཧྭ་ལ་ཏང་ནང་ཁུལ་དུ་ཐ་ཚིག་བསྒྲགས་ཤིང་། སྲིད་དོན་སྐྱོན་ཐོ་འགོད་པའི་ཆད་པ་བཅད་པ་མ་ཟད། ལས་གནས་ལས་ཕྱིར་དབྱུང་། ཀྲུའུ་རེན་གཞོན་པ་ལིག་སུའུ་ཆིང་དང་ལས་བྱེད་པ་ཧྥེན་ཞིན་ཧའེ། ཀྲང་རུང་།  ཀྲང་ཞིའུ་ཅུན་བཅས་ལ་སྲིད་དོན་ཐ་ཚིག་བསྒྲགས་ནས་ཆད་པ་བཅད།  མ་དངུལ་གཡོ་ལེན་གྱི་ཁ་གསབ་བྱས་པའི་གཞུང་དངུལ་ཆ་ཚང་རྩིས་ལེན་བྱས།

       གོང་གསལ་གྱི་གནད་དོན་དཔེ་མཚོན་ཅན་བཞི་བོ་གཞུང་དངུལ་གྱི་ཡུལ་སྐོར་དང་། སྒྲིག་འགལ་ངང་ཕན་བདེ་མ་དངུལ་གཤམ་སྤྲོད།  གསུག་དངུལ་དང་ལེན་སོགས་ཕྱོགས་འབྲེལ་གྱི་གནད་དོན་ཡིན་ལ།  མང་ཤོས་གཞི་རིམ་ས་ཚིགས་ཁང་ནས་བྱུང་བ་དང་། ལ་ལ་ཞིག་ཏང་གི་ཚོགས་ཆེན་བཅུ་དགུ་བའི་རྗེས་སུ་བྱུང་བ་ཤ་སྟག་རེད། རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་རྣམས་ཀྱིས་གོང་གི་གནད་དོན་དཔེ་མཚོན་ཅན་འདི་དག་རང་ཉིད་ལྟ་བའི་མེ་ལོང་དུ་བཟུང་སྟེ།  ཏང་ནན་སྐྱོང་ལ་ཕྱོགས་ཡོངས་ནས་དམ་འཛིན་དགོས་པའི་བླང་བྱ་ལ་གོ་བ་ཟབ་མོ་བླངས་ནས“ལྟད་མོ་པ”ལྟ་བུའི་བསམ་བློ་ཕར་གཡུགས་ཐོག      རང་གཅུན་ལུགས་གསོ་ཡི་སྒོ་ནས་བསམ་སྤྱོད་གཉིས་ཀའི་ཐོག་ཀྲུང་དབྱང་གི་གཏན་འབེབས་བརྒྱད་དང་ལག་བསྟར་ཞིབ་ཕྲ་ཡི་དགོངས་དོན།  ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གི་བྱེད་ཐབས་འགའ་ཡི་བསམ་བློ་བཅས་ལག་བསྟར་མཐའ་འཁྱོལ་བྱེད་པའི་རང་རྟོགས་མུ་མཐུད་ནས་ཇེ་མཐོར་གཏང་དགོས་ཟེར།

       རིམ་ཁག་ཏང་ཨུ(ཏང་ཙུའུ)ཡིས་ཆབ་སྲིད་གོ་རྟོགས་ཇེ་མཐོར་བཏང་སྟེ། དུས་གནད་འགག་དང་། མངའ་ཁོངས་གནད་འགག  མི་ཚོགས་གནད་འགག་བཅས་དམ་པོར་དམིགས་ཏེ།  རང་བཤེར་རང་བཅོས་བརྒྱུད་དུས་རྒྱུན་གསལ་འདེབས་དང་ལྟ་སྐུལ་ནན་བཅག་གི་ཁར། སྔ་འགྱོད་འཕྱིས་སྡོམ་མི་བརྗེད་ཅིང་དོན་ཆུང་ཡིན་ཡང་མི་གློད་པར། རིམ་པ་ཁག་གི་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས“བྱ་སྤྱོད་བཞིའི”གནད་དོན་ལ་དམིགས་ནས  “ནན་འཛིན”ལས་ཀུན་གྱི་དང་པོར་བཞག་ཐོག  ཤིང་ལ་གཟེར་མ་རྡེབ་རྡེབ་སྒྲིག་ཁྲིམས་ནན་འཛིན་བྱས་ནས་སྤྱོད་ཚུལ་ལེགས་སྐྱོང་ལ་ཕན་འབྲས་ལེགས་པོ་ཐོབ་པར་སྐུལ་སྤེལ་བྱ་དགོས་ཟེར།


ཞེས་ཀྲུང་གུང་མཚོ་སྔོན་ཞིང་ཆེན་སྒྲིག་བཤེར་ཨུ་ལྷན་ནས།

2018ལོའི་ཟླ9བའི་ཚེས19ཉིན་ལ།