རང་ཞིང་གི་ལས་གཞི་ཞིག་རྒྱལ་ཁབ་ཚན་རྩལ་ཡར་ཐོན་བྱ་དགའི་གྲས་སུ་ཚུད་པར་སྙན་ཞུ་འོས་སྦྱོར་བྱས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཁ་སང་གསར་འགོད་པས་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་ནས་ཤེས་གསལ་ལྟར་ན།  གསེར་ཆེན་ནས་ཡུལ་ཤུལ་བར་གྱི་གཞུང་ལམ་འདིང་བའི་ལས་གཞི་ཞིབ་འཇུག་ལ་གཞི་བཅོལ་ཏེ།  འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡིས་ཉེ་ལམ《གྲང་ལྷགས་ཆེ་ཞིང་ས་བབ་མཐོ་བའི་འཁྱགས་སའི་ས་ཁུལ་གྱི་གཞུང་ལམ་ཆེན་མོ་འདིང་བའི་ལག་རྩལ་དང་བཀོལ་སྤྱོད》ཅེས་པ2018ལོའི་རྒྱལ་ཁབ་ལག་རྩལ་ཡར་ཐོན་བྱ་དགའི་གྲས་སུ་སྙན་ཞུ་འོས་སྦྱོར་ཕུལ་བའི་བྱ་བ་ཡོངས་བསྒྲགས་བྱས་འདུག  

ལས་གཞི་དེ་ནི་གསར་གཏོད་ཀྱི་མ་དཔེ་ཇི་བཞིན་སོར་འཇོག་དང་།འབྲེལ་ཡོད་ཀྱི་ཆེད་ལས་མངའ་ཁོངས་ཡངས་ཤིང་རྒྱ་ཆེ་བ་ཞིག་ཡིན་པས།  དེ་གྲུབ་འབྲས་ལ་ཚན་རྩལ་པུའུ་དང་། ཀྲུང་གོའི་གཞུང་ལམ་རིག་པའི་སློབ་ཚོགས་ཀྱིས་དཔྱད་བསྡུར་གསལ་འབྱེད་བྱས་པར་རྒྱལ་སྤྱིའི་སྔོན་ཐོན་ཆུ་ཚད་དུ་སླེབས་ཡོད་པར་བཤད།  ལས་གཞི་དེས་བཏོན་པའི་འཁྱགས་སའི་ལས་གཞིའི་ཚད་གཞི་ཕན་ཕྱོད་གཞུང་ལུགས་ཀྱིས་གཞི་ཁྱོན་ཆེ་བའི་གཞུང་ལམ་གྱི་འཁྱགས་ཞུ་གནོད་འགོག་ཐད་གཞུང་ལུགས་ཀྱི་རྨང་གཞི་བརྟན་པོ་ཞིག་མཁོ་འདོན་བྱས་ཡོད་པ་མ་ཟད།  དེའི་ཇུས་འགོད་བྱེད་སྟངས་དང་གནད་འགག་གི་ལག་རྩལ་དག་ཀྱང་རང་རྒྱལ་གྱི་ལོ་དུ་མའི་འཁྱགས་སའི་ས་ཁུལ་གྱི་ལེ་དབར3500ཙམ་གྱི་གཞུང་ལམ་རིམ་སྤར་དང་བཟོ་སྐྲུན་གྱི་ཁྲོད་བེད་སྤྱོད་བྱས་པ་དང་།  གསེར་ཆེན་དང་ཡུལ་ཤུལ།  མཛོ་རྒན་ར་བར་ནས་རྟ་བོ་བར་གྱི་ལེ་དབར1100ཡི་གཞུང་ལམ་གསར་བསྐྲུན་དང་།  ཀྲུང་གོ་དང་ཕ་ཁི་སི་ཐན་བར་གྱི་གཞུང་ལམ་འཛུགས་སྐྲུན་བཅས་སུ་ཡང་རྒྱ་ཁྱབ་ཏུ་བཀོལ་སྤྱོད་བྱས་ཡོད་པ་རེད།

ལས་གཞིའི་གྲུབ་འབྲས་ནི། ཉེ་བའི་ལོ་ངོ40ཡི་ཚུན་ལ། རང་རྒྱལ་གྱི་འགྲིམ་འགྲུལ་མངའ་ཁོངས་ནས་གཞུང་ལམ་གྱི་འཁྱགས་སའི་ལས་གཞི་ཡི་ལག་རྩལ་རིམ་སྤར་དང་ཐོད་བརྒལ་ཞིག་ཡིན་ལ། རང་རྒྱལ་གྱི་འཁྱགས་སའི་ལས་གཞི་ཡི་སྙན་གྲགས་ཇེ་ཆེར་བཏང་ཡོད་པས།  འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡིས་ལས་གཞི་དེ2018ལོའི་ལོ་འཁོར་གྱི་རྒྱལ་ཁབ་ཚན་རྩལ་ཡར་ཐོན་གྱི་བྱ་དགའ་ཨང་དང་པོ་ཐོབ་པར་སྙན་ཞུ་འོས་སྦྱོར་ལ་འཐད་མོས་བྱུང་ནས་ཡོངས་བསྒྲགས་བྱེད་སྒང་རེད།

ལོ་ཙཱ་བ། ཁོན་ཐར་འཚོ།