ལུས་པོ་འགུལ་སྐྱོད་ཀྱི་སྔོན་ལ་སྨན་རིགས་འདི་དག་འཐུང་མི་རིགས།

སྨན་འཐུང་ཚུལ་སྐོར་གླེང་ཡོང་དུས་མི་མང་པོས་ཟས་ཐུན་གྱི་སྔ་རྗེས་སུ་འཐུང་དགོས་པ་དེ་ཡིད་ལ་དྲན་ཤག་ཤག་ཡིན་ངེས།  དོན་དངོས་སུ་ཟས་ཐུན་མ་གཏོགས་པའི་གཞན་ལུས་པོའི་འགུལ་སྐྱོད་ལ་སོགས་པ་དང་སྨན་རྫས་བར་ལ་ཡང་འབྲེལ་བ་དམ་པོ་ཞིག་ཡོད་པ་རེད།  སྤྱིར་བཤད་ན།  སྨན་འཐུང་རྗེས་སུ། སྨན་རྫས་དེ་ཕོ་བ་ནས་འཇུ་ཞིང་ལུས་ཀྱི་དབང་པོར་འཐིམས་པའི་གོ་རིམ་དེ་ཧ་ལམ་ཆུ་ཚོད0.5~1དགོས་ཀྱི་ཡོད། སྨན་འཐུང་མ་ཐག་ཏུ་འགུལ་སྐྱོད་ཆེན་པོ་བྱས་ན།  ཁྲག་མང་པོ་ལུས་ཀྱི་འགུལ་ཕྱོགས་ཆེ་སར་བབས་ཏེ།  ཕོ་རྒྱུའི་ནང་གི་ཁྲག་ཉུང་ངུ་རུ་འགྱུར་འགྲོ་བས་སྨན་འཇུ་དཀའ་ལ་དུས་ཡུན་ཇེ་རིང་དུ་སོང་ནས་སྨན་གྱི་ཕན་ནུས་བཟང་བོ་འདོན་མི་ཐུབ།   སྨན་ལ་ལ་འཐུང་མ་ཐག་ཏུ་འགུལ་སྐྱོད་དྲག་པོ་བྱས་ན་སྨན་གྱི་ནུས་པ་ཉམས་འགྲོ་བ་མ་ཟད་འཕྲོས་རྐྱེན་འབྱུང་སྲིད་པ་རེད། དཔེར་ན་གཤམ་གྱི་སྨན་རྫས་རིགས་བརྒྱད་པོ་ལྟ་བུ་རེད།

1.ཆམ་པའི་སྨན་འཐུང་མ་ཐག་ཏུ་འགུལ་སྐྱོད་དྲག་པོ་བྱས་ན་ཀླད་སྙིང་ཁྲག་རྩའི་ནད་འབྱུང་བའི་ཉེན་ཁ་ཧ་ཅང་ཆེན་པོ་ཡོད། སྤྱིར་འགུལ་སྐྱོད་བྱས་ན་ཆམ་ནད་དྲག་བསྐྱེད་ལ་ཕན་མི་ཐོགས་པ་མ་ཟད།  ཀླད་སྙིང་ཁྲག་རྩའི་ནད་བསྐྱེད་པའི་རྒྱུ་རུ་འགྲོ་ངེས་པ་དང་། ནང་སྒོས་སུ་དུས་ཡུན་རིང་པོར་ཁྲག་ཤེད་མཐོ་བ་དང་ཁྲག་ནུར་བའི་ནད་པ་རྣམས་ལ་སྙིང་ནད་ཕོག་པའི་ཉེན་ཁ་ཤིན་ཏུ་ཆེ།  སྨན་རྫས་ཀྱི་མིང་གི་ནང་དུ“麻”མཱ་ཞེས་ཡི་གེ་འདི་ཡོད་ན་སྨན་རྫས་དེའི་ནང伪麻黄碱ཞེས་པའི་རྒྱུ་ཡོད་ལ། དཔེར་ན“美扑伪麻片”ལྟ་བུ་སྟེ་མིའི་ལུས་ཕུང་གི་རྔུལ་ཆུ་འདོན་པ་དང་ཚ་དྲོད་ཕྱིར་འདོན་གྱི་བྱེད་ནུས་ཇེ་ཞན་དུ་གྱུར་འགྲོ་བ་རེད།  གནམ་གཤིས་ཚ་དྲོད་ཆེ་བའི་སྐབས་ལ་ལྷག་ཏུ་ཡིད་འཇོག་བྱ་དགོས།   གཞན伪麻黄碱ལ་དབང་རྩ་དབུ་མའི་མ་ལག་ངར་བསྐྱེད་ཀྱི་ནུས་པ་ལྡན་པས། མང་པོ་འཐུང་ན་ངར་བསྐྱེད་ནུས་པ་དེ་ཇེ་དྲག་ཏུ་སོང་ནས་སྙིང་ན་བ་དང་། སྙིང་ལྡིང་ཚད་ཇེ་མགྱོགས་སུ་སོང་ནས་ལུས་ཁམས་མི་བདེ་བའི་ཚོར་སྣང་སྐྱེན་པོ་འབྱུང་ལ།  དེའི་ཁར་འགུལ་སྐྱོད་དྲག་པོ་བྱས་ན་སྙིང་ནད་ཀྱིས་ཤི་བའི་ཉེན་ཁ་ཡང་ཆེ།

2.ཁྲག་ཤེད་ཇེ་དམར་གཏང་བྱེད་ཀྱི་སྨན་འཐུང་རྗེས་སུ་འགུལ་སྐྱོད་དྲག་པོ་བྱས་ན། བཞའ་སྐམ་དང་ངལ་དུབ། དྲན་མེད་དུ་བརྒྱལ་འགྲོ་བའི་ནད་བསྐྱེད་ངེས།  འགུལ་སྐྱོད་བྱེད་སྐབས་སུ་མིའི་ལུས་སྟེང་གི་ཁྲག་མང་པོ་དབང་རྩ་དང་ཀླད་པར་འདོན་པ་ཡིན། གལ་ཏེ་དགོས་ངེས་ཀྱི་ཁྲག་དེ་འདོན་མ་ཐུབ་ཚེ་མགོ་འཐོམས་ནས་དྲན་མེད་དུ་བརྒྱལ་འགྲོ་བ་རེད།  ཁྲག་ཤེད་ཇེ་དམའ་རུ་གཏང་སྤྱད་ཀྱི་སྨན་འཐུང་མ་ཐག་ཏུ།  འགུལ་སྐྱོད་བྱས་ན་རྒྱུན་ལྡན་ཡིན་པའི་ཁྲག་ཤེད་འཕར་སྟངས་ལ་ཚོད་འཛིན་ཐེབས་ནས་ཁྲག་གི་རྒྱུ་ལམ་འགག་པར་གྱུར་ཏེ་མགོ་འཐོམས་ནས་བརྒྱལ་སླ།    དེ་མིན་ཁྲག་ཤེད་ཇེ་དམའ་རུ་གཏང་བྱེད་ཀྱི་སྨན་རང་སྟེང་ལ་གཅིན་འབེབ་བྱེད་ཀྱི་ནུས་པ་ཡོད་པས། སྨན་རིགས་དེ་འཐུང་རྗེས་སུ་འགུལ་སྐྱོད་དྲག་པོ་བྱས་ན་བཞའ་སྐམ་གྱི་ནད་བྱུང་ནས་ལུས་ཀྱི་གློག་འབྱེད་རྫས་ཀྱི་ནུས་པ་ཇེ་ཞན་ཏུ་འགྲོ་སྲིད།   ལོར(洛尔类)ཞེས་པའི་རྒྱུ་ཉར་པའི་རིགས་ཀྱི་ཁྲག་ཤེད་ཀྱི་སྨན་ལ།  (普萘洛尔)ལྟ་བུ་སྟེ།  དེས་སྙིང་ལྡིང་ཚད་ཇེ་དལ་དུ་གཏང་ཐུབ་པ་མ་ཟད།  ཁྲག་ཤེད་ཇེ་དམའ་དང་སྙིང་ཁྲག་མང་པོ་ཕྱིར་གཏང་ཐུབ་པས། སྨན་དེ་རིགས་འཐུང་རྗེས་སུ་ལུས་ཕུང་སྦྱོང་བརྡར་བྱེད་དུས་ངལ་དུབ་ཆེ་ལ། འགུལ་སྐྱོད་མི་བདེ་བ།  དབུགས་འབྱིན་རྔུབ་དཀའ་བ་བཅས་ཀྱི་ཚོར་བ་དྲག་པོ་བསྐྱེད་སྲིད་པས། དེ་ལྟ་བུའི་འགུལ་སྐྱོད་ཀྱིས་ཚེ་སྲོག་འཕྲོག་པའི་ཉེན་ཁ་ཡང་ཤིན་ཏུ་ཆེ།

3.ཁྲག་ཤེད་དང་ཁྲག་ནུར་གྱི་སྨན་འཐུང་རྗེས་སུ་འགུལ་སྐྱོད་དྲག་པོ་བྱས་ན་མྱུར་བའི་རང་བཞིན་གྱི་མཁལ་མའི་ནུས་པ་ཉམས་པའི་ནད་བསྐྱེད་སླ།  དེ་ནི་འགུལ་སྐྱོད་དྲག་པོ་བྱས་པའི་རྒྱུ་རྐྱེན་འོག་ནས་འབྱུང་བ་ཞིག་ཡིན།  འགུལ་སྐྱོད་དྲག་པོའི་འོག་ནས་ཤ་གྲམ་ཞུ་བ་དང་།  དེ་ལ་བརྟེན་ནས་མཁལ་མའི་ནུས་པ་མགྱོགས་པོར་ཉམས་པའི་ནད་བསྐྱེད་ངེས།  ཐཱ་ཏིང(他汀类)རིགས་ཀྱི་ཁྲག་ཤེད་དང་ཁྲག་ནུར་གྱི་སྨན་འཐུང་རྗེས་སུ་འགུལ་སྐྱོད་དྲག་པོ་བྱས་ན།  ཤ་སྒྲིན་ན་བ་དང་། ཡང་ན་དེ་དང་འབྲེལ་ནས་ཤ་སྐྱུར་སྐུལ་རྩིབས(肌酸激酶)ཇེ་མཐོར་སོང་ནས་ཤ་སྒྲིན་གྱི་དབྱང་ཉར་ནུས་པ་ཇེ་ཞན་དུ་འགྱུར་འགྲོ་བ་རེད།

4.གཅིན་སྙི་སྲ་ཁུའི་སྨན་ནམ་དབྱི་ཏའོ་སུའུ་སྨན་ཁབ་བརྒྱབ་རྗེས་སུ་འགུལ་སྐྱོད་དྲག་པོ་བྱས་ན།  ཁྲག་མངར་ཇེ་ཉུང་དུ་འགྲོ་བ་དང་། ཁྲག་གི་འཁོར་རྒྱུག་ཇེ་མགྱོགས། གཅིན་སྙི་སྲ་ཁུའི་སྨན་ཞུ་སྟོབས་ཚད་ལས་བརྒལ་བ་བྱུང་སྟེ།  ཁྲག་མངར་གྱིས་མི་འདང་པའི་ནད་འབྱུང་སྲིད།  ལྷག་པར་ཕན་པ་མྱུར་ཐོན་གྱི་དབྱི་ཏའོ་སུའུ་སྨན་ཁབ་བརྒྱབ་རྗེས་སུ་འགུལ་སྐྱོད་དྲག་པོ་བྱས་ན་ནད་དེ་དེ་བས་འབྱུང་སླ།

5.སྨན་ལོག་འགོག་སྨན་འཐུང་རྗེས་སུ་འགུལ་སྐྱོད་དྲག་པོ་བྱས་ན་ཚ་གདུག་ཕོག་པའི་ནད་བསྐྱེད་སྲིད།  སྨན་ལོག་སྨན་ལ་ལུས་པོར་ཚ་རྒྱས་ཀྱི་ནུས་པ་ཡོད་པས། གལ་སྲིད་ཚ་དྲོད་ཆེ་བའི་གནམ་གཤིས་འོག་ཏུ་སྨན་དེ་འཐུང་རྗེས་སུ་འགུལ་སྐྱོད་དྲག་པོ་བྱས་ན།  ལུས་ཀྱི་ཚ་བ་སྙོམས་སྒྲིག་གི་བྱེད་ལས་འཁྲིགས་པོར་གྱུར་ནས་ཚ་གདུག་གི་ནད་འབྱུང་སླ།

6.པུ་ལའོ་ཧྥན布洛芬སོགས་གཉན་ཚད་ཀྱི་སྨན་འཐུང་རྗེས་སུ་འགུལ་སྐྱོད་བྱས་ན་ཕོ་རྒྱུ་ལ་གནོད།  སྨན་རིགས་འདིས་འགུལ་སྐྱོད་ལས་བྱུང་བའི་ན་ཟུག་ཅུང་འགོག་ཐུབ་རུང་ཕོ་རྒྱུའི་ངོས་སུ་གནོད་བྱེད་པས།  སྨན་དེ་རིགས་འཐུང་རྗེས་སུ་ལམ་སང་འགུལ་སྐྱོད་བྱས་ན་ཕོ་རྒྱུ་ལ་གནོད་པ་ཆེན་པོ་བཟོས་ནས་ནད་གཞན་བསྐྱེད་པའི་ཉེན་ཁ་ཡོད།  གཞན་ན་ཟུག་ཇེ་ཆུང་དུ་འགྲོ་བར་ཕན་ན་ཡང་དེ་ལ་བརྟེན་ནས་ནད་བརྟག་བསྒྲིབས་སྲིད་པས།  འགུལ་སྐྱོད་དྲག་པོ་བྱས་ནས་ལུས་པོར་གནོད་པའི་ཉེན་ཁ་ཇེ་ཆེར་འགྲོ་ངེས་རེད།

7.སྨན་རྫས环丙沙星ཞེས་པ་འདི་འཐུང་རྗེས་སུ་འགུལ་སྐྱོད་བྱས་ན། ཤ་རྒྱུས་ལ་གནོད་པའི་ནད་སློང་སྲིད།  环丙沙星ཞེས་པའི་སྨན་འདི་ནི་དུག་འགོག་སྨན་རྫས་ཡིན་པས། དུས་རྒྱུན་གཅིན་ལམ་གྱི་ནད་དུག་སེལ་བ་དང་། ནད་སྲིན་ཉར་བའི་བཟའ་བཏུང་ལ་བརྟེན་ནས་བྱུང་བར་བཀོལ་སྤྱོད་བྱེད་པ་ཡིན།  ཞིབ་འཇུག་ལྟར་ན།  环丙沙星ཞེས་པའི་སྨན་འདིས་མིའི་ལུས་ཀྱི་ཤ་རྒྱུས་ཇེ་གཉོམ་དུ་གཏང་འགྲོ་བ་ཡིན།  གལ་སྲིད་སྨན་དེ་འཐུང་རྗེས་འགུལ་སྐྱོད་དྲག་པོ་བྱེད་པའམ་དངོས་ཟོག་ལྕི་མོ་རིགས་འཁུར་ན།  ཤ་རྒྱུས་ཀྱི་ནུས་པ་ཟད་འགྲོ་བའི་ཉེན་ཁ་ཡོད།

8.ཕོ་བ་ན་བའི་སྨན་འཐུང་རྗེས་སུ་འགུལ་སྐྱོད་བྱས་ན་འགུལ་སྐྱོད་ཉེན་ཁ་འཕྲད་སྲིད།  དུས་རྒྱུན(硫酸阿托品、山莨菪碱、甲氧氯普胺)སོགས་ཕོ་རྒྱུའི་ནད་བཅའ་བའི་སྨན་འཐུང་ན།  ཁ་སྐམ་ཞིང་ངལ་དུབ་སླ་བ།  འགུལ་སྐྱོད་བྱེད་སྐབས་རྣམ་རིག་གཅིག་ལ་སྒྲིམ་མི་ཐུབ་པ་སོགས་ལུས་ཁམས་ལ་མི་བདེ་བའི་ནད་གཞི་བསྐྱེད་པའི་ནད་སློང་སླ་བ་རེད།

ལོ་ཙཱ་བ། ཁོན་ཐར་འཚོ།